རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་ནང་ཆར་བའི་གནོད་སྐྱོན་ཕོག
ཕྱི་ལོ་༢༠༡༨ཟླ་༨ཚེས་༧ཉིན་བོད་ཀྱི་དུས་བབས་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན། ཧི་མ་ཅལ་ཀང་ར་རྫོང་ཁོངས་སུ་བསྟུན་མར་ཆར་བ་ཤུགས་ཆེན་བབས་པའི་རྐྱེན་གྱིས་རི་ཉིལ་བ་དང་རྦབ་རྡོ་རིལ་བ་སོགས་ཀྱིས་སེམས་ཅན་ ༤༠ ལྷག་བསད་ཡོད་འདུག
ཧིན་རྡུ་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཧི་མ་ཅལ་མངའ་སྡེ་ནང་བསྟུན་མར་ཉིན་ཤས་རིང་ཆར་བ་ཤུགས་ཆེན་འབབ་བཞིན་ཡོད་པ་དང་། ལྷག་པར་དུ་ཀང་ར་རྫོང་ཁོངས་ཀྱི་ས་ཁུལ་ཁག་ཅིག་ནང་ཆར་ཤུགས་ཆེན་པོ་བབས་པར་བརྟེན། རི་ཉུལ་བ་དང་རྦབ་རྡོ་རིལ་བ་སོགས་བྱས་ནས་སེམས་ཅན་ ༤༠ ལྷག་བསད་ཡོད་པ་མ་ཟད། ཁྱིམ་ཚང་གཉིས་ཀྱི་ཁང་པ་དང་ཚོང་ཁང་གཏོར་བ་དང་། གཞུང་ལམ་དང་ཟམ་པ་སོགས་ལ་གནོད་སྐྱོན་ཕོག་ཡོད་འདུག
གཞན་ལྷགས་རླུང་བརྒྱབས་པ་དང་སྨུག་སྤྲིན་འཐིབ་པ་སོགས་ཀྱིས་ལྡི་ལི་ནས་ཀང་རར་འཕུར་བའི་གནམ་གྲུ་ཚང་མ་འཕུར་མཚམས་འཇོག་དགོས་བྱུང་ཡོད་པ་དང་། དེ་བཞིན་མཱན་ཌེ་རྫོང་ཁོངས་ཀྱི་ཇོ་གྷིན་ཌར་ནཱ་གྷར་(Jogindernagar)་ནས་ཧི་མ་ཅལ་པཱ་ཋན་ཀོ་ཊི་(Pathankot)བར་གྱི་མེ་འཁོར་ཁ་ཤས་ཀྱང་འགྲོ་མཚམས་འཇོག་དགོས་བྱུང་ཡོད་འདུག་
ཧི་མ་ཅལ་ཀང་ར་མཁའ་འགྲུལ་ཁང་གི་འགན་འཛིན་བསོད་ནམས་ནོར་བུ་ཡིས་གསར་འགོད་པར། ལྡི་ལི་ནས་ཉིན་རེར་ཀང་ར་གནམ་ཐང་དུ་འཕུར་མཁན(Spice jet)གཉིས་དང་(Air India)གཉིས་བཅས་གནམ་གྲུ་་༤ འགྲོ་འོང་བྱེད་ཀྱི་ཡོད་ཀྱང་། སྨུག་སྤྲིན་འཐིབ་རྐྱེན་གནམ་གྲུ་ཚང་མ་འཕུར་མཚམས་འཇོག་དགོས་བྱུང་ཡོད་སྐོར་བརྗོད་འདུག
རྒྱ་གར་དབུས་གནམ་གཤིས་བརྟག་དཔྱད་ཁང་གིས་ཧི་མ་ཅལ་གཙོས་རི་རྒྱུད་ཁག་ཏུ་མུ་མཐུད་ཉིན་ཤས་རིང་ཆར་བ་འབབ་རྒྱུ་ཡིན་པས། རི་ཉུལ་བ་དང་ཆུ་ལོག་སོགས་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག
ཧི་མ་ཅལ་མངའ་སྡེ་ནི་རྒྱ་གར་ནང་ཆར་དུས་ཀྱི་དུས་ཡུན་རིང་ཤོས་ཀྱི་ས་ཁུལ་ཞིག་ཆགས་ཡོད་པ་དང་། ཆར་དུས་སྐབས་ས་ཡོམ་བྱུང་བ་དང་རི་ཉུལ་བ། ཆུ་ལོག་རྒྱུག་པ་སོགས་འབྱུང་བའི་གནོད་སྐྱོན་མང་པོ་བྱུང་གི་ཡོད་པ་ལྟར། འདི་ལོའི་ཆར་དུས་ཀྱི་འདས་པའི་ཟླ་གཅིག་ཙམ་ནང་ཧི་མ་ཅལ་ཀང་ར་རྫོང་ཁོངས་སུ་བསྟུན་མར་ཉིན་གསུམ་རིང་ཚད་རིམ་མི་འདྲ་བའི་ས་ཡོམ་ཆེ་ཆུང་ཐེངས་གསུམ་བྱུང་ཡོད་པ་དང་། གཤོང་ས་ཁག་ཏུ་རྒྱུག་ཆུ་རྒྱས་ཏེ་ཆུ་ལོག་བྱུང་བའི་དཀའ་ངལ་ཡང་ཡོང་གི་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
source by:http://tibettimes.net
ཐེངས་ 427479 བཀླགས་འདུག