Donate

འབྱུང་བའི་གནོད་པའི་རྐྱེན་གྱི་མི་མང་པོའི་ཚེ་སྲོག་ཤོར་གྱི་ཡོད་པ་རེད།

བོད་ཀྱི་དུས་བབས་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་༢༨ཉིན་ཨིན་རྡུ་ནེ་ཞི་ཡའི་ནང་ཚད་རིམ་ ༦།༤ ཅན་གྱི་ས་ཡོམ་བྱུང་སྟེ་ཡུལ་དེའི་ལོམ་བྷོ་གླིང་ཕྲན་གྱི་ཡུལ་སྐོར་བ་ ༡༤ རྐྱེན་འདས་དང་མི་གྲངས་ ༡༦༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག།

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨིན་རྡུ་ནེ་ཞི་ཡའི་ཞོགས་པའི་ཆུ་ཚོད་ ༧ ཐོག ཡུལ་དེའི་ཡུལ་སྐོར་ལྟེ་བ་ཞིག་ཏུ་གྱུར་བའི་ལོམ་བྷོ་གླིང་ཕྲན་སྟེང་ས་ཡོམ་ཚད་རིམ་༦།༤ཅན་ཞིག་བྱུང་སྟེ། ཁང་པ་བརྡིབས་པ་དང་རྦབ་རྡོ་རིལ་བ་སོགས་ཀྱིས་ཉུང་མཐར་མི་གྲངས་ ༡༤ རྐྱེན་འདས་སུ་ཕྱིན་པ་དང་། མི་ ༡༦༢ ལ་རྨས་སྐྱོན་བཟོས་ཡོད་འདུག་ལ། ཚད་རིམ་ཤུགས་ཆེན་མ་བྱུང་གོང་ཚད་རིམ་མི་འདྲ་བའི་ས་ཡོམ་ཆུང་ཆུང་ ༦༠ ལྷག་བྱུང་ཡོད་འདུག། བྷི་བྷི་སིའི་ས་གནས་གསར་འགོད་པ་མ་ར་རྡེ་ཡིས། ས་ཡོམ་ཧ་ཅང་ཤུགས་ཆེན་པོ་བརྒྱབས་པ་དང་ཡུལ་སྐོར་བ་རྣམས་དངངས་སྐྲག་གིས་ལམ་སང་མགྲོན་ཁང་ནས་ཕྱིར་ཐོན་ཏེ་ཕྱོགས་གང་སར་བྲོས་པ་དང་། ང་ཚོ་ཡང་མགྲོན་ཁང་ནས་བྲོས་པ་ཡིན། མི་ཚང་མ་ཁང་པ་ནས་སྡོད་མ་ནུས་པར་ཕྱིར་ཐོན་འདུག ཅེས་བརྗོད་འདུག།

འབྲེལ་ཡོད་ལས་བྱེད་ཀྱིས་བརྗོད་པ་ལྟར་ན། ཡུལ་མི་སྟོང་ཕྲག་མང་པོའི་འཚོ་གནས་ལ་གནོད་འཚེ་ཕོག་སྟེ་ཁྱིམ་ཚང་མང་པོ་ཁྱིམ་མེད་དུ་གྱུར་ཡོད་སྟབས། གླིང་ཕྲན་དེའི་ཡུལ་མི་མང་པོ་ས་གནས་གཞན་དུ་གནས་སྤོ་དགོས་བྱུང་ཡོད་འདུག

ཕྱི་ལོ་༢༠༡༦ལོར་ལོམ་བྷོ་དང་ཐག་མི་རིང་བའི་མཚོ་འགྲམ་སོ་མ་ཏི་ར་ལ་ས་ཡོམ་༦།༥ཅན་ཞིག་བྱུང་ནས་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་། ཡུལ་མི་༤༠།༠༠༠ལྷག་ས་གཞན་དུ་གནས་སྤོོ་བྱས་ཡོད་འདུག

 

ཐེངས་ 42230 བཀླགས་འདུག