Donate

བོད་ཀྱི་རྒྱལ་ས་ལྷ་སར་ལོ་རྒྱུས་ཁྲོད་ཀྱི་ཆེས་མཐོ་བའི་ཚ་དྲོད་བསླེབ་རྒྱུའི་སྔོན་བརྡ་བཏང་།

༢༠༡༩ ཟླ་ ༦ ཚེས་༢༧ ཉིན་བོད་ཀྱི་དུས་བབས་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན།

རྒྱ་གར་བྷང་ག་ལའི་མཚོ་ཁུག་གི་ཚ་རླབས་ཤུགས་རྐྱེན་དང་བོད་བྱང་རྒྱུད་ཀྱི་གྲང་རླུང་རྒྱུ་ཤུགས་ཞན་པ་སོགས་ཀྱིས་ལྷ་སར་ཡུན་རིང་ཆར་པ་འབབ་མ་ཐུབ་པའི་རྐྱེན་གྱིས་ཚ་བ་ཆེན་པོ་འདུག་ཟེར།ཁ་སང་ཕྱི་ཚེས་ ༢༦ ཉིན། རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷ་ས་གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ཁང་གིས་འདི་ལོའི་དབྱར་དུས་སུ་ལྷ་སར་ལོ་རྒྱུས་ཁྲོད་ཀྱི་ཚ་དྲོད་ཆེས་མཐོ་ཤོས་དེ་བསླེབ་རྒྱུ་ཡིན་པའི་སྔོན་བརྡ་བཏང་ཡོད་འདུག་ལ། འདི་ལོའི་ཕྱི་ཟླ་ ༦ པའི་ཚེས་མགོ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སར་གནམ་གཤིས་ཚ་དྲོད་ཆེ་རུ་ཕྱིན་ཏེ། ད་ལྟའི་ཆར་ལྷ་ས་ཁུལ་གྱི་སྤྱིའི་དྲོད་ཚད་ཏུའུ་གྲངས་ ༢༩ ཡིན་འདུག

ལྷ་སའི་གནམ་གཤིས་བརྟག་དཔྱད་ཁང་གི་འགན་འཛིན་བདེ་ཆེན་ཞེས་པ་ཞིག་གིས་ལྷ་ས་ཁུལ་དུ་མུ་མཐུད་ཚ་དྲོད་རྒྱས་རྒྱུ་ཡིན་པ་དང་། ཕྱི་ལོ་ ༢༠༠༩ ཟླ་ ༧ ནང་ལྷ་སར་ཆེས་མཐོ་བའི་ཚད་དྲོད་ཏུའུ་གྲངས་༣༠.༤ ཡོད་ན་ཡང་། འདི་ལོ་དེ་ལས་ཀྱང་ཚ་དྲོད་རྒྱས་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་ཆགས་རྒྱུ་ཡིན་སྐོར་དང་།  ལྷ་ས་ཁུལ་དུ་དྲོད་ཚད་མར་མི་ཆག་པའི་རྒྱུ་མཚན་བོད་ཀྱི་ལྷོ་རྒྱུད་དུ་རྒྱ་གར་བྷང་ག་ལའི་མཚོ་ཁུག་གི་ཚ་རླབས་ཀྱི་ཤུགས་རྐྱེན་དང་།  བོད་བྱང་རྒྱུད་ཀྱི་གྲང་རླུང་རྒྱུ་ཤུགས་ཞན་པ་སོགས་ལས་ལྷ་སར་ཡུན་རིང་ཆར་པ་འབབ་མ་ཐུབ་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་འདུག

ཡང་བདེ་ཆེན་གྱིས། ལྷ་ས་ཁུལ་གྱི་ས་ཆ་མང་ཆེ་བར་ཆར་ཆུ་ཉུང་བ་དང་དྲོད་ཚད་མཐོ་བ་དང་། ད་ལྟའི་ཆར་མིའི་ཐབས་ལམ་ལ་བརྟེན་ནས་ལྷ་སར་ཆར་བ་ཕབ་མི་ཐུབ་པ་དང་། ལྷ་ས་ཁུལ་དུ་སྤྲིན་པ་འཁྲིགས་ཀྱི་མེད་པས་ཆར་ཕབ་པའི་ཆ་རྐྱེན་འཛོམས་མེད་སྐོར་དང་། སྔར་ལོ་ཕྱི་ཟླ་ ༥ ཚེས་ ༣༡་ ནས་ལྷ་སར་ཆར་དུས་མགོ་ཚུགས་ཡོད་ན་ཡང་། ད་ལོ་ཚ་དྲོད་ཀྱིས་ཆར་འབབ་པར་དུས་ཡུན་ཅུང་ཙམ་འགོར་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

བོད་རང་སྐྱོང་ལྗོངས་གནམ་གཤིས་གནོད་འཚེ་འགོག་སྲུང་ལས་ཁུངས་ཟེར་བས་ལྷ་ས་ཁུལ་གྱི་ས་ཆ་ཁག་ཅིག་གི་ཆེས་མཐོའི་དྲོད་ཚད་བསྒྲགས་པ་ལྟར་ན།  ཚྭ་ཁ་ལྷོ་ལ་དྲོད་ཚད་ ༣༤.༤དང་།  བྲག་གཡབ་ལ་༣༣.༤། སྣང་རྫོང་ལ་ ༣༣.༡། ཆུ་ཤུར་ལ་ ༣༡.༦། རྒྱ་ཚར་ ༣༡.༤།  སྟོད་ལུང་བདེ་ཆེན་ལ་༣༡། སྟག་རྩེར་༣༠.༡། གོང་དཀར་ལ་ ༣༠།  ཟངས་རིར་ ༣༠།  གྲ་ནང་ལ་ ༣༠།  ཀོང་པོ་རྒྱ་མདར་ ༢༩.༨། ལྷ་སར་༢༩.༤། ལྷུན་གྲུབ་ལ་༢༩.༢། རྩེད་ཐང་ལ་ ༢༩ བཅས་ཡིན་པ་དང་།  མ་འོངས་ཉིན་གསུམ་ནང་གོང་གི་ས་ཁུལ་དག་ལ་སྔར་བཞིན་དྲོད་ཚད་མཐོ་བའི་གནམ་གཤིས་བསྟན་རྒྱུ་ཡིན་སྐོར་བཀོད་འདུག

འདི་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་ཚན་པའི་གོ་ལའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་གི་ཚོགས་འདུ་ཐེངས་ ༢༤ པའི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་རབས་གསར་པའི་ནང་འཕྲུལ་ཆས་ཡར་རྒྱས་གང་འཚམ་ཕྱིན་ཡོད་ནའང་། དེའི་ལྷན་དུ་ང་ཚོས་དཀའ་ངལ་ཡང་མང་པོ་ཞིག་བཟོས་ཡོད། ཆེད་ལས་མཁས་པ་མང་པོ་ཞིག་གིས་གོ་ལའི་གནམ་གཤིས་ཚ་དྲོད་རྒྱས་བཞིན་པའི་དཀའ་ངལ་ནི་མི་རང་གིས་བཟོས་པ་རེད་ཅེས་བཤད་ཀྱི་ཡོད་པ་ལྟར། དོན་དངོས་ཐོག་ང་ཚོ་སོ་སོས་བཟོས་བའི་དཀའ་ངལ་ཇེ་ཉུང་དུ་གཏོང་ཐབས་དང་མཐར་རྩ་མེད་བཟོ་དགོས་པའི་འོས་འགན་དེ་ང་ཚོ་ཚང་མ་ལ་ཡོད་པ་རེད། གནམ་གཤིས་འགྱུར་ལྡོག་འགྲོ་ཡི་ཡོད་པ་ནི་རྒྱལ་ཁབ་གཅིག་གཉིས་ཤིག་གི་དཀའ་ངལ་མ་རེད། དེ་ནི་འགྲོ་བ་མིའི་རིགས་དང་སའི་གོ་ལའི་ཐོག་གནས་པའི་སྲོག་ཡོད་སེམས་ཅན་ཚང་མར་ཤུགས་རྐྱེན་ཐེབས་པའི་གནད་དོན་ཞིག་ཡིན་པ་མ་ཟད།  སའི་གོ་ལ་ནི་ང་ཚོ་གནས་སའི་ཁྱིམ་ཚང་གཅིག་པོ་དེ་རེད། གལ་སྲིད་གོ་ལའི་ཚ་དྲོད་རྒྱས་པ་དང་རང་བྱུང་ཁོར་ཡུག་གི་རྒྱུ་རྐྱེན་སྣ་ཚོགས་འོག སའི་གོ་ལ་རང་འཇགས་སུ་གནས་མ་ཐུབ་ཚེ། ང་ཚོ་གནས་ས་སའི་གོ་ལ་འདི་ལས་གཞན་མེད་པ་རེད། དེར་བརྟེན། ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་འདི་གནད་འགག་ཅིག་ཏུ་རྩིས་ཏེ། གོ་ལ་སྤྱིའི་ཚ་དྲོད་རྒྱས་བཞིན་པར་བཟང་ཕྱོགས་ཀྱི་ཐག་གཅོད་ཅིག་ངེས་པར་དུ་ལེན་དགོས་ཀྱི་འདུག ཅེས་གསུངས་འདུག

ཕྱི་ལོ་ ༢༠༠༧ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་ཁོར་ཡུག་སྐོར་གྱི་སྙན་ཐོའི་ནང་། བོད་མཐོ་སྒང་དུ་ལོ་རེ་བཞིན་གནམ་གཤིས་ཚ་དྲོད་འཕར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཚ་དྲོད་རྒྱས་པ་དང་ཆར་ཆུ་དུས་སུ་མ་བབ་པའི་རྐྱེན་གྱིས་ལོ་རེར་བོད་ནང་གི་རྩྭ་ཐང་སྤྱི་ལེ་གྲུ་བཞི་མ་ ༢༣༠༠ ཙམ་རེ་བྱེ་ཐང་དུ་འགྱུར་བཞིན་ཡོད་ལུགས་བསྒྲགས་ཡོད་པ་དང་། གཞན་ཕྱི་ལོ་ ༢༠༠༩ ལོར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་དང་འབྲེལ། བོད་མཐོ་སྒང་གི་གནམ་གཤིས་སྐོར་ལ་སྙན་ཐོ་ཞིག་བཏོན་པའི་ནང་། སྤྱིར་འཛམ་གླིང་ཧྲིལ་བོའི་ཚ་དྲོད་ཇེ་ཆེར་སོང་ནས་འཁྱགས་རོམ་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་། བོད་ནང་ལ་ཚ་དྲོད་འཕེལ་ཤུགས་དེ་ལས་མགྱོགས་པ་དང་འཁྱགས་རོམ་ཞུ་ཚད་ཀྱང་ས་ཁུལ་གཞན་ལས་མགྱོགས་པ་དང་། བོད་ནང་འཁྱགས་རོམ་གྲངས་ ༤༦༠༠༠ ཙམ་ཡོད་པ་དང་། ལོ་རེར་བརྒྱ་ཆ་ ༧ ཙམ་ཞུ་བཞིན་འདུག མ་འོངས་པར་གནམ་གཤིས་དྲོད་ཚད་མར་གཅོག་མ་ཐུབ་ན། ཕྱི་ལོ་ ༢༠༣༥ ཙམ་ལ་བོད་ནང་གི་གངས་འཁྱགས་བརྒྱ་ཆ་ ༨༠ ཙམ་མེད་པ་ཆགས་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

ཕྱི་ལོ་ ༢༠༡༥ ལོར་ཧྥ་རན་སའི་རླུང་འཕྲིན་ཁང་གིས་འཇར་མན་དུ་གནས་སྡོད་ཁོར་ཡུག་ཆེད་མཁས་པ་རྒྱ་རིགས་ཝང་ཝེ་ལོ་(Wang Weiluo)ལགས་སུ་བོད་ཀྱི་ཁོར་ཡུག་སྐོར་ལ་བཅར་འདྲི་བྱེད་སྐབས་ཁོང་གིས། མཐོ་སྒང་བོད་ཀྱི་གནམ་གཤིས་དྲོད་ཚད་འཕར་བ་ཡིན་ན། གོ་ལ་ཡོངས་ཀྱི་གནམ་གཤིས་དྲོད་ཚད་ལ་འགྱུར་ལྡོག་འགྲོ་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་ལྷན་ཚོགས་ནས་ཀྱང་གོ་ལའི་ཚ་དྲོད་རྒྱས་ཏེ་བཟོ་ལས་གསར་བརྗེ་ནས་དུས་རབས་ཉེར་གཅིག་པར་དྲོད་ཚད་ཏུའུ་ ༢ ཀྱི་ནང་ལོགས་སུ་ཚད་འཇོག་གི་ཡོད་ཀྱང་། རྒྱ་ནག་ལ་ཉེ་བའི་ལོ་ལྔ་བཅུའི་ནང་ཚ་དྲོད་འཕེལ་ཚད་དེ་ལོ་ལྔ་བཅུ་རེ་ལ་ཏུའུ་ ༠།༢༣ དང་ལོ་བརྒྱ་ལ་ཏུའུ་ ༢།༣ འཕར་གྱི་ཡོད་པ་རེད།  བོད་ཀྱི་གནམ་གཤིས་དྲོད་ཚད་མཐོ་རུ་འགྲོ་བཞིན་པ་དེ་རྒྱ་ནག་གི་ཆ་མཉམ་དྲོད་ཚད་ལས་བརྒྱ་ཆ་ ༥༠ རེད།  བོད་ལྗོངས་གནམ་གཤིས་གནས་ཚུལ་ལས་ཁུངས་ཀྱིས་མཁོ་སྤྲོད་བྱས་པའི་ཨང་གྲངས་དེ་བོད་ཀྱི་ཉེ་བའི་ལོ་ལྔ་བཅུའི་ནང་དུ་ལོ་བཅུ་རེའི་ནང་ལ་གནམ་གཤིས་དྲོད་ཚད་ཏུའུ་ ༣།༡ རེ་འཕར་བཞིན་ཡོད་པ་རེད། ཅེས་བརྗོད་འདུག

 

ཐེངས་ 428020 བཀླགས་འདུག