Donate

འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩིའི་རྩོམ་ཡིག་འགྲན་སྡུར།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཕྱི་ཟླ་ ༦ ཚེས་ ༥ སྟེ་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩིའི་སླད་ལྷའི་སློབ་ཕྲུག་ནང་ཁུལ་དུ་ཐེངས་དང་པོའི་ཁོར་ཡུག་སྐོར་གྱི་རྩོམ་ཡིག་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བ།

ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥ སྟེ་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་དང་། རང་བྱུང་ཁམས་ལ་སྲུང་སྐྱོབས་བྱེད་དགོས་པ་གལ་ཆེན་ཡིན་པའི་སོགས་ཀྱི་སྐོར་ལ་རང་རེའི་སྤྱི་ཚོགས་སུ་གོ་རྟོག་དང་དོ་སྣང་སྔར་ལྷག་ཡོང་ཆེད། ལྷའི་སྐད་ཡིག་འཛིན་གྲྭའི་ནང་ཁུལ་དུ་ “མི་རྣམས་རང་བྱུང་ཁམས་དང་འབྲེལ་མཐུད་བྱེད་པ་” ཞེས་པའི་བརྗོད་གཞིའི་ཐོག་བོད་ཡིག་དང་ཨིན་ཡིག་གཉིས་ཀྱི་ནང་རྩོམ་ཡིག་འགྲན་སྡུར་ཐོག་མ་དེ་གོ་སྒྲིག་བྱས་ཤིང་། ཨང་དང་པོར་ཧིན་སྒོར་ ༡༠༠༠ གཉིས་པར་ཧིན་སྒོར་ ༧༠༠ གསུམ་པར་ཧིན་སྒོར་ ༥༠༠ བཅས་བྱ་དགའ་སྤྲད་ཡོད་པ་དང་། བོད་ཨིན་གཉིས་ཀྱི་ནང་རྩོམ་ཡིག་ཨང་དང་པོ་ནས་གསུམ་པའི་བར། རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་ཚོགས་པས་དོ་དམ་བྱེད་བཞིན་པའི་དྲ་གནས་ “བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ་” ཞེས་པའི་སྐད་ཡིག་གཉིས་ལྡན་གྱི་དྲ་བར་བཀོད་ཡོད་པ་རེད།

         ལྷའི་སྐད་ཡིག་འཛིན་གྲྭའི་སློབ་མ་རྣམས་ཀྱིས་བྲིས་པའི་བོད་ཨིན་གཉིས་ཀྱི་རྩོམ་ཡིག་རྣམས་འབྲེལ་ཡོད་ལས་བྱེད་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། ནང་དོན་དང་། དག་གཙང་། བརྡ་ཆད་སོགས་ལ་གཞིགས་ཏེ་ཨང་རིམ་ཕྱེས་ཤིང་། བོད་ཡིག་ནང་འབྲི་མཁན་ཨང་དང་པོ། ངག་དབང་དོན་གྲུབ། གཉིས་པ། སཱ་ལམ། གསུམ་པ། ཤེས་རབ་ཕུན་ཚོགས་གསུམ་ཡིན་པ་དང་། ཨིན་ཡིག་ནང་ཨང་དང་པོ་བློ་བཟང་ཆོས་སྒྲོན་དང་། གཉིས་པ་རྡོ་རྗེ་བཟང་པོ། གསུམ་པ་སྐར་མ་ཡེ་ཤེས་རྣམས་ལ་རྩོམ་ཡིག་འགྲན་སྡུར་གྱི་བྱ་དགའ་ཐོབ་ཡོད་པ་རེད།

        རྩོམ་ཡིག་འགྲན་སྡུར་གྱི་གྲུབ་འབྲས་གསལ་བསྒྲགས་དང་འབྲེལ། སློབ་མ་སོ་སོར་བྱ་དགའ་སྤྲད་པ་དང་། རྩོམ་ཡིག་འགྲན་སྡུར་དེར་ཆ་ཤས་ལེན་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཤིང་། བྱ་དགའ་ཐོབ་པའི་རྩོམ་ཡིག་རྣམས་གོང་འཁོད་དྲ་གནས་སུ་འགོད་སྤེལ་བྱས་ཡོད། འདི་ལོར་ཐེངས་དང་པོའི་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩིའི་ཆེད་ཁོར་ཡུག་སྐོར་གྱི་རྩོམ་ཡིག་འགྲན་སྡུར་འདིར་ཆ་ཤས་བླངས་ཏེ་བོད་ཡིག་ནང་རྩོམ་འབྲི་མཁན་སློབ་ཕྲུག་གྲངས་ ༡༥ དང་། ཨིན་ཡིག་ནང་ ༡༠ བྱུང་ཞིང་བསྡོམས་པའི་སློབ་ཕྲུག་གྲངས་ ༢༥ ཡིས་ཐེངས་འདི་རྩོམ་ཡིག་འགྲན་སྡུར་ལ་མཉམ་ཞུགས་གནང་སྟེ་ད་ཐེངས་ཀྱི་བྱེད་སྒོ་འདི་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད་པ་རེད།

ཐེངས་ 427217 བཀླགས་འདུག