Donate

ཨ་ཆེན་གངས་རྒྱབ་རིག་དངོས་སྲུང་སྐྱོབ་གྲས་སུ་བཞག་པའི་རྩོད་རྙོག

འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས། བོད་མཐོ་སྒང་གི་ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་གྲས་སུ་བཞག་པ་དེས། པེ་ཅིན་གཞུང་གིས་བོད་ཁུལ་གྱི་འབྲོག་པ་མང་པོ་གནས་སྤོ་བྱེད་བཞིན་པའི་ལས་གཞི་དེར་རམ་འདེགས་བྱས་ཡོད་སྐོར་བཤད་འདུག ཨ་ཆེན་གངས་རྒྱབ་ (Hoh Xil) ཅེས་པའི་ས་ཆ་དེར་ཕྱུག་ཟོག་འཚོ་སྐྱོང་བྱེད་མཁན་འབྲོག་པ་མང་པོ་འཚོ་སྡོད་བྱས་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཚན་པས། མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་དུ་ཡོད་པའི་ཨ་ཆེན་གངས་རྒྱབ་དེ་འཛམ་གླིང་སྟེང་གི་ས་བབ་མཐོ་ཤོས་དང་ས་ཁྱོན་ཆེ་ཤོས་སུ་ངོས་འཛིན་བྱས་ཡོད།

ཨ་ཆེན་གངས་རྒྱབ་ནི་བོད་ཁུལ་གྱི་རྩ་ཆེའི་རི་སྐྱེས་སེམས་ཅན་མང་པོ་འཚོ་སྡོད་བྱེད་པའི་ས་ཆ་ཐུན་མོང་མ་ཡིན་པ་ཞིག་ཡིན། མཚོ་སྔོན་ཞིང་ཆེན་ནི་བོད་མིའི་མི་འབོར་མང་ཤོས་འདུས་སྡོད་བྱེད་ཡུལ་ཞིག་ཡིན་པ་དང་། ས་ཁུལ་དེའི་མཐའ་མཚམས་བོད་རང་སྐྱོང་ལྗོངས་དང་འབྲེལ་ཡོད། ༡༩༥༠ ལོར་པེ་ཅིན་གཞུང་གིས་རྒྱ་ནག་མངའ་ཁོངས་སུ་ངོས་འཛིན་བྱེད་པའི་ས་ཆ་དེར་དམག་དཔུང་བཏང་སྟེ། ས་ཆ་དེའི་ས་ཁུལ་ཁག་ཅིག་བོད་རང་སྐྱོང་ལྗོངས་མངའ་ཁོངས་སུ་བཅད་པ་དང་། ས་ཁུལ་གཞན་རྣམས་ཉེ་འཁྲིས་ཀྱི་ཞིང་ཆེན་ཁག་ནང་བཅད་བགོས་བྱས་ཡོད།

ས་ཆ་དེའི་རྩོད་གླེང་ག་རེ་ཡིན་ནམ།

 ཨ་ཆེན་གངས་རྒྱབ་ནི་གཞི་རྒྱ་ཆེ་བའི་བོད་མཐོ་སྒང་གི་ཆ་ཤས་སུ་གྲུབ་ཡོད་པ་དང་། རྒྱ་ནག་གིས་ཨ་ཆེན་གངས་རྒྱབ་ནི་བོད་ཁུལ་གྱི་རྩ་ཆེའི་རི་དྭགས་མང་པོ་འཚོ་སྡོད་བྱེད་ས་ཡིན་ལུགས་བཤད་དེ། ས་ཆ་དེའི་འབྲོག་པ་རྣམས་གནས་སྤོའི་ལས་གཞིའི་ཁ་ཕྱོགས་གཙོ་བོར་བཟུང་ཡོད། ཆེ་ཆུང་སྤྱི་ལེ་གྲུ་བཞི་མ་ ༡༥༩༠༧ ཡོད་པའི་ས་ཆ་དེར་སྤྱང་ཀི་དང་ཤྭ་བ་མང་པོ་འཚོ་སྡོད་བྱེད་པའི་ “རང་བྱུང་གི་མཛེས་ལྗོངས”ཆེན་པོ་ཞིག་ཡིན།

རྒྱ་ནག་གཞུང་གིས་ས་ཆ་དེ་འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་གྲས་སུ་འཇོག་རྒྱུར་ངོས་ལེན་བྱས་ཡོད་པ་དང་། ས་ཆ་དེ་ཁུལ་དུ་བོད་མི་ ༥༠༠༠༠ འཚོ་སྡོད་བྱེད་ཀྱིན་ཡོད།

ཟླ་འདིའི་ཚེས་ ་་་་ཉིན། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས། འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཚན་པས་ཨ་ཆེན་གངས་རྒྱབ་འཛམ་སྲུང་སྐྱོབ་ཐོ་གཞུང་ནང་བཞག་པ་དེས་པེ་ཅིན་གཞུང་ལ་ས་ཆ་དེའི་འབྲོག་པ་རྣམས་གནས་སྤོ་བྱེད་པའི་ལས་གཞི་ལ་རམ་འདེགས་བྱས་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་གཞུང་གིས་བོད་ཁུལ་གྱི་འབྲོག་པ་མང་པོ་གནས་སྤོ་བྱས་ཏེ་གྲོང་རྡལ་ཅན་བཟོ་བཞིན་ཡོད་པ་མ་ཟད། བོད་ཁུལ་གྱི་ཐོན་ཁུངས་མང་པོ་སྔོག་འདོན་བྱས་ཏེ་བོད་མིའི་འཚོ་བ་ཡར་རྒྱས་གཏོང་གི་ཡོད་ལུགས་ཤོད་བཞིན་ཡོད་ཀྱང་། ཁོར་ཡུག་སྲུང་སྐྱོབ་པ་དང་འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག་གིས། རྒྱ་ནག་གཞུང་གིས་བོད་མིའི་སྲོལ་རྒྱུན་འཚོ་བར་གནོན་སྐྱོན་བཟོ་བཞིན་ཡོད་པ་མ་ཟད། འཆར་གཞི་ལྡན་པའི་ཐོག་ནས་བོད་པའི་རིག་གཞུང་རྩ་གཏོར་གཏོང་གི་ཡོད་སྐོར་བརྗོད་ཡོད།

བོད་རང་བཙན་སློབ་ཕྲུག་ཚོགས་པས། “རྒྱལ་ཚོགས་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཚན་པའི་ཐག་ཆོད་དེ་བྱས་ཉེས་ཚབས་ཆེན་ཞིག་ཡིན་པ་དང་། ཐག་ཆོད་དེས་བོད་ཁུལ་གྱི་འབྲོག་པ་མང་པོ་སོ་སོའི་སྡོད་གནས་ལས་བཙན་གྱིས་ཕྱིར་ཕུད་བཏང་སྟེ་བོད་པའི་སྲོལ་རྒྱུན་འཚོ་གནས་རྩ་མེད་གཏོང་བའི་ལས་འཆར་ལ་ཆོག་མཆན་སྤྲད་པ་རེད།” ཅེས་བརྗོད་འདུག

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཀྱང་། རྒྱ་ནག་གཞུང་གིས་དབང་སྒྱུར་སྲིད་ཇུས་མང་པོ་ལག་བསྟར་བྱས་ཏེ། མཐོ་སྒང་དེ་ཡུལ་སྐོར་སྤྲོ་འཆམ་བྱེད་ས་ཞིག་དང་། རྒྱ་ནག་གཞུང་གི་སྟངས་འཛིན་འོག་འཇུག་པའི་དམིགས་འབེན་བཟུང་ཡོད་ཅིང་། འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཚན་པས་དོགས་འདྲི་ཙམ་ཡང་མེད་པར་རྒྱ་ནག་གཞུང་གི་མངོན་འདོད་ལྟར་ས་ཁུལ་དེ་འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཐོ་གཞུང་ནང་བཞག་པ་དེས་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱི་འཚོ་གནས་ལ་འགན་མ་འཁུར་བ་ཞིག་ཆགས་ཡོད་སྐོར་བརྗོད་འདུག

འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཚན་པ་དང་རྒྱ་ནག་གིས་ག་རེ་ཤོད་ཀྱི་ཡོད།

རྒྱ་ནག་གཞུང་གིས་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཆེད་འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཁྲོད་འཇོག་པར་ངོས་ལེན་བྱས་པ་ཡིན་ལུགས་དང་། ས་ཆ་དེ་ནི་བོད་ཁུལ་གྱི་རྩ་ཆེའི་རི་དྭགས་དང་རྩི་ཤིང་མེ་ཏོག་མང་པོ་འཚོ་གནས་བྱེད་པའི་ས་ཆ་གལ་ཆེན་ཞིག་ཡིན་ལུགས་སོགས་བཤད་འདུག

འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཚན་པའི་མགྲིན་ཚབ་པ་བུད་མེད་ཅིག་གིས་བྷི་བྷི་སི་གསར་ཁང་ལ། ཉེ་ཆར་ས་ཆ་དེ་འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཁྲོད་འཇོག་དགོས་མིན་འོས་ཤོག་ལྡུག་སྐབས་རྩོད་གླེང་མང་པོ་བྱུང་ཡོད་སྐོར་བཤད་འདུག བུད་མེད་དེས་ད་དུང་། རྒྱ་ནག་གཞུང་གིས་ས་ཆ་དེའི་འབྲོག་པ་མང་པོ་བཙན་ཤེད་མ་ཡིན་པའི་ཐོག་ནས་གནས་སྤོ་བྱ་རྒྱུ་དང་། ས་ཆ་དེར་སྲུང་སྐྱོབ་དང་དོ་དམ་བྱེད་ཆེད་ས་གནས་རང་གི་མི་མང་ལ་ཚོགས་པ་རྩ་འཛུགས་བྱེད་དུ་བཅུག་སྟེ་ལས་གཞི་དེ་ལག་བསྟར་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་ལུགས་བཤད་འདུག

ཁོར་ཡུག་སྲུང་སྐྱོབ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས། འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཚན་པས་ས་ཆ་དེའི་འབྲོག་པ་མང་པོ་གནས་སྤོ་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཚན་པས་ལས་གཞི་དེ་མྱུར་དུ་མཚམས་འཇོག་དགོས་སྐོར་སོགས་ཀྱི་འབོད་སྐུལ་ཞུས་འདུག

གསར་འགོད་པ། པདྨ་རྒྱལ།

བོད་ཀྱི་དུས་བབ་ལས་དྲངས།

 

ཐེངས་ 42349 བཀླགས་འདུག