Donate

ཁྲུང་ཁྲུང་སྐེ་ནག

ཁྲུང་ཁྲུང་སྐེ་ནག་ནི་ས་མཐོའི་བོད་ཀྱི་དམིགས་བསལ་སྐམ་གཤེར་གཉིས་ཀ་ལ་གནས་པའི་འདབ་ཆགས་རིགས་ཤིག་ཡིན་པ་དང༌། སྤྱིར་སའི་གོ་ལའི་སྟེང་དུ་ཁྲུང་ཁྲུང་རིགས་མི་འདྲ་བ་བཅོ་ལྔ་ཙམ་ཡོད་པས། བོད་ས་ཁུལ་ལ་མཚོན་ན་ཁྲུང་ཁྲུང་སྐེ་ནག་དང༌། དར་མདོ་ཁྲུང་ཁྲུང༌། ཁྲུང་ཁྲུང་ཁྲབ་གཟུགས། སྦང་ལའི་ཁྲུང་ཁྲུང་སོགས་ཡོད་ཅིང༌། དེའི་ནང་ནས་ཆེས་རྩ་ཆེ་ཤོས་ནི་ཁྲུང་ཁྲུང་དཀར་མོའམ་ཁྲུང་ཁྲུང་སྐེ་ནག་ནི་བོད་ཀྱི་ཡུལ་གཅིག་པུའི་ནང་མ་གཏོགས་ཡུལ་ཁམས་གཞན་ལ་མེད་པ་དང༌། བོད་མིས་ལྷ་བྱ་ཁྲུང་ཁྲུང་དཀར་མོ་ཟེར་ཏེ་རྩ་ཆེན་བརྩི་བཞིན་ཡོད།

ཁྲུང་ཁྲུང་སྐེ་ནགབོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་ཁྲུང་ཁྲུང་སྐེ་ནག་ནི་ལོ་རབས་དྲུག་ཅུའི་ནང་ཐོག་མར་བོད་ཀྱི་རྨ་ཆུའི་ཆུ་མགོར་བརྩི་བའི་སྔཱུ་རིང་མཚཱུའི་ཉེ་འགྲམ་ནས་གསར་རྙེད་བྱུང་བ་བཤད་འདུག ཁྲུང་ཁྲུང་འདི་བཞིན་བོད་ས་སྟོད་སྨད་བར་གསུམ་དུ་འཚོ་གནས་བྱེད་ཀྱི་ཡོད་པ་དང༌། གྲངས་ཉུང་ཤས་ཤིག་མཚམས་རེ་དགུན་གཡོལ་ཆེད་རྒྱ་གར་ནང་གནས་སྤོ་བྱེད་ཀྱི་ཡོད།

བྱ་འདི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་གནས་སྤོ་ཡི་ཡོད་པས། ལོ་ལྟར་ཕྱི་ཟླ་ ༣ ནས་ ༤ བར་དབྱར་དུས་སྐབས་སུ་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་གནས་སྤོས་ཏེ་གནས་དེར་ཆགས་འཕེལ་བྱེད་པ་དང༌། ཕྱི་ཟླ་ ༥ དང་ ༦ ནང་སྒོ་ང་གཏོང་བའི་དུས་ཡིན་ཞིང༌། ཐེངས་གཅིག་ལ་སྒོ་ང་གཉིས་ཙམ་གཏོང༌། བྱ་འདི་བྱ་རིགས་གཞན་དང་མི་འདྲ་བ་གནས་གཅིག་ཏུ་བསྡད་ཏེ་བྱ་ཚང་མི་བརྩིགས་པར་སྒོ་ང་ཡང་རྩྭ་གསེབ་ཏུ་གཏོང་གི་ཡོད། སྐྱེ་འཕེལ་གྲངས་ཚད་བྱ་རིགས་ནང་ནས་ཉུང་ཤོས་གྲས་ཡིན།

སྒོ་ང་ནི་ཕ་མ་གཉིས་ཀས་ལྟ་སྐྱོང་རེས་མོས་བྱེད་ཀྱི་ཡོད། དབྱར་ཁ་དང་སྟོན་ཁའི་དུས་སུ་བྱང་ཐང་དུ་ཕྲུ་གུ་སྐྱེ་འཕེལ་དང་གསོ་སྐྱོང་བྱས་ཚར་རྗེས། དགུན་དུས་སུ་ལྷོ་ཕྱོགས་ཚ་བ་ཆེ་བའི་སར་གནས་སྤོ་བྱེད་ཀྱི་ཡོད། དཔྱིད་ཀའི་དུས་སུ་ལྷོ་ནས་བྱང་ལ་འཕུར་གྱི་ཡོད། འཕུར་སྐྱོད་སྐབས་ཁྱུ་ཚོགས་མང་པོ་མཉམ་དུ་བསྟར་པ་བསྒྲིགས་ཏེ་གནམ་འཕངས་མཐོན་པོ་དང་ཐག་རིང་འཕུར་བའི་གཤོག་རྩལ་ལྡན་ཡོད།

འདབ་ཆགས་འདིའི་ལུས་སྟོབས་ཆེ་ཞིང་སྐེ་དང་རྐང་པ་ཆེས་རིང་པོ་ཡོད་པར་མ་ཟད་མཆུ་ཡང་ཤིན་ཏུ་རིང༌། གཟུགས་གཞིའི་སྤྱིའི་སྤུ་མདོག་ཕལ་ཆེ་བ་དཀར་པོ་ཡིན་ལ། མགོ་དང༌། སྐེ། མཇུག་མ་སོགས་སྤུ་མདོག་ནག་པོ་ཡིན། སྤྱི་གཙུག་ཏུ་སྤུ་མེད་པའི་སྐྱི་མོ་མཐོང་གི་ཡོད། ལུས་ཀྱི་སྤྱིའི་རིང་ཚད་ལ་མི་ཊར་ ༡་༡ དང༌། ལྗིད་ཚད་ལ་སྤྱི་རྒྱ་ ༥་༣༥ ཡོད་པ་རེད། ཁྲུང་ཁྲུང་གི་འཚོ་བའི་ཁ་ཟས་གཙོ་བོ་ཉ་དང༌། སྦལ་པ། འབུ་སྲིན། འབྲུ་རིགས་སོགས་བཟའ་ཡི་ཡོད། ཚེ་ཚད་ལོ་བཅུ་ཙམ་བར་བསྡད།

བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ནང་ཁྲུང་ཁྲུང་སྐེ་ནག་བོད་ནང་དགུན་གཡོལ་འཚོ་གནས་བྱ་སར་ཕྱི་ལོ་ ༢༠༠༠ ཟླ་ ༡༢ ནང་གྲངས་འབོར་ཞིབ་གཤེར་བྱེད་སྐབས་ ༧༩༤༦ ཡོད་པ་དང༌། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྲུང་ཁྲུང་གྲངས་འབོར་ ༣༩༠༠ ཙམ་ཡོད་པས། དེས་ཁྲུང་ཁྲུང་ཡོངས་ཀྱི་བརྒྱ་ཆ་ ༦༦ ཙམ་ཟིན་གྱི་ཡོད་པར་བཤད། དེ་བཞིན་འཛམ་གླིང་ནང་ཁྲུང་ཁྲུང་སྤྱིའི་གྲངས་འབོར་ཁྲི་གཅིག་གི་གཡས་གཡོན་ཡོད་པ་གསལ་འདུག ཁྲུང་ཁྲུང་སྐེ་ནག་ནི་སྐྱེ་འཕེལ་གྱི་གྲངས་ཚད་ཉུང་བ་དང༌། སྲུང་སྐྱོབ་ཀྱི་ཐོན་རྐྱེན་ཞན་པས་ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རྩ་ཆེའི་འདབ་ཆགས་རིགས་ཡིན་པ་མ་ཟད། རྒྱལ་སྤྱིའི་ནང་སྟོངས་ལ་ཉེ་བའི་སྲུང་སྐྱོབ་ཀྱི་གྲས་སུ་ཡོད་པ་རེད།།

ཁྲུང་ཁྲུང་སྐོར་གྱི་དཔྱད་གཞིའི་ཡིག་ཆ།

1 བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན། ༢༠༠༤P.17-22

2 བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ། མི་རིགས་དཔེ་སྐྲུན་ཁང༌། ༢༠༠༤P.89-93

3 འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང༌། ཆབ་མདོ་སྨན་རྩིས་ཁང༌། ༢༠༠༢P.361

4 Microsoft Encarta Reference Library 2006

ཐེངས་ 42294 བཀླགས་འདུག