Donate

ཁོར་ཡུག་ངོ་སྤྲོད།

ཁོར་ཡུག་ཅེས་པའི་ཚིག་འབྲུ་གཉིས་པོ་འདི་ཁོར་མོ་ཡུག་གི་བསྡུས་ཚིག་ཡིན་པ་བཤད་ ཅིང། འདི་ལ་གོ་དོན་ཆེ་ཆུང་མི་འདྲ་བ་མང་པོ་ཡོད་པ་དང༌། དཔེར་ན་མཐའ་སྐོར་དང༌། ལྕགས་རི་དང༌། རྒྱུན་བར་མ་ཆད་པ་སོགས་ལ་གོ་ཡི་ཡོད་པ་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་གསལ་འདུག དེ་བཞིན་རང་ཉིད་དང་བར་ཐག་རིང་པོ་མེད་པ་སོགས་ལ་གོ་ཞིང་ཁོ་ར་ཁོར་ཡུག་ཅེས་པ་སོགས་ཡིན་ཞིང༌། ཉེ་འདབས་ཀྱི་ས་ཆ་དང༌། རང་ཉིད་འཚོ་གནས་བྱེད་ས་ལ་ཡང་གོ་བ་ཡིན། རྒྱ་ཆེ་ས་ནས་བཤད་ན་འཇིག་རྟེན་འདི་ན་དངོས་པོ་ཡོད་ཚད་དང༌། འགྲོ་བ་མི་གཙོས་པའི་སྲོག་ལྡན་དང༌། གཏེར་དངོས་རྩི་ཤིང༌། འབྱུང་བ་ལྔ་སོགས་བཅུད་ཀྱི་སེམས་ཅན་གནས་ས་སྣོད་ཀྱི་འཇིག་རྟེན་ལ་གོ་ཡི་ཡོད། ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ་ལས་“ཁོར་ཡུག་ཅེས་པའི་མིང་དེ་འདོད་རྒྱལ་དུ་བྱུང་བ་ཞིག་མིན་པར་སྒྲ་བཤད་དུ་ཡོད་པའི་རྗེས་གྲུབ་ཀྱི་ཐ་སྙད་ཅིག་ཡིན་ཏེ། ཁོར་ཞེས་པ་གཙོ་བོ་གང་ཞིག་ལ་ལྟོས་ནས་ཕལ་པ་ཞིག་བརྗོད་པའི་སྒྲ་སྟེ་རྒྱལ་པོ་དང་ གཡོག་པོ་ལ་རྗེ་ཁོར། མི་ཚང་ཕལ་པ་ཁོར་ཕ། ཟེར་བ་ལྟ་བུ་དང༌། ཡུག་ཅེས་པ་ནི་ཐམས་ཅད་དམ་ཡོངས་སུ་རྫོགས་པ་ཞེས་པའི་དོན་ཏེ་ཐམས་ཅད་ཤི་བ་ལ་ཡུག་ ཅིག་ཏུ་ཤི་བ། ཡོངས་རྫོགས་སོས་པ་ལ་ཡུག་གཅིག་གིས་སོས་པ། ཟེར་བ་ལྟ་བུས་མཚོན།

དེ་གཉིས་གཅིག་ཏུ་བསྡེབས་པའི་ཁོར་ཡུག་ཅེས་པའི་ཐ་སྙད་འདིའི་ཁུངས་གཏུགས་ས་གཙོ་བོ་ནི་མངོན་པ་དང་རིག་བྱེད་ཀྱི་གཞུང་རྣམས་ལས། ཁོར་ཡུག་གི་རི་བོ། ཞེས་བཤད་པ་འདི་ཡིན་པར་སྣང་ཞིང༌། དེ་ཡང་གཙོ་བོ་རི་རབ་ལ་ལྟོས་ནས་དམན་པ་དང་ཕལ་པ་ལྟ་བུ་ཡིན་པས་ན་ཁོར་དང༌། དེས་རི་རབ་ཀྱི་ཕྱོགས་ཐམས་ཅད་ནས་ཡོངས་སུ་བསྐོར་བའམ་ཡུག་གཅིག་ཏུ་བསྐོར་བས་ན་ ཡུག་སྟེ་བར་གྱི་ཚིག་བསྡུས་ན་ཁོར་ཡུག་ཅེས་བོས་སམ་སྙམ་”ཞེས་སོགས་ཁོར་ཡུག་ཅེས་པའི་ཚིག་དེའི་གོ་དོན་འགྲེལ་བཤད་གསལ་པོ་འཁོད་འདུག་པ་དང༌། ཡིན་ནའང་སྔོན་མའི་བོད་ས་མ་ཤོར་གོང་ཁོར་ཡུག་ཅེས་པའི་ཚིག་འདི་ད་ལྟ་ང་ཚོའི་བཤད་ཡུལ་འདི་ལ་ཐད་ཀར་དེ་ཙམ་བེད་སྤྱོད་དང་གོ་ཡི་མེད་པས། དཔེར་ན་སྐབས་དེ་དུས་ཁོར་ཡུག་སྲུང་སྐྱོབ་ལ་རི་ཀླུང་རྩ་ཚིག་དང་ཡང་ན་རི་རྒྱ་ ཀླུང་རྒྱ་བསྡམས་པ་སོགས་བེད་སྤྱོད་བྱེད་ཚུལ་ཡོད་པ་རེད།

ཁོར་ཡུག་སྲུང་སྐྱོབ་ཞེས་པའི་ཐ་སྙད་འདི་ཕལ་ཆེར་བོད་པའི་སྤྱི་ཚོགས་ནང་ཐ་སྙད་གསར་པ་ཞིག་ཆགས་ཡོད་པ་དང༌། ཡིན་ནའང་དེང་སྐབས་བོད་ཕྱི་ནང་གཉིས་ཀ་ལ་གཅིག་འགྱུར་གྱི་གོ་དོན་རྟོགས་ཐུབ་ ཀྱི་ཡོད་པ་རེད། ཁོར་ཡུག་སྲུང་སྐྱོབ་ཅེས་པའི་ཐ་སྙད་འདི་ཐོག་མ་དབྱིན་ཡིག་དང་རྒྱ་ཡིག་གང་རུང་ནས་ཚུར་དར་བ་མིན་ནམ་སྙམ། དེང་སང་ཁོར་ཡུག་ཅེས་པའི་ཐ་སྙད་འདི་བོད་པའི་སྤྱི་ཚོགས་ནང་མཁོ་སྤྱོད་ཆེ་བའི་ ཚིག་ཅིག་ཆགས་ཡོད་པས་བེད་སྤྱོད་བྱེད་ཡུལ་ཆེས་མང་པོ་ཡོད་པ་རེད།

བོད་ཀྱི་སྐྱེ་ཁམས་རིག་པའི་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར་ལས་“ཁོར་ ཡུག་ཅེས་པ་ནི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གི་བསྡུས་ཚིག་མིང་ཡིན་ལ། རང་བྱུང་ཁོར་ཡུག་ནི་མཁའ་དབུགས་དང་ཆུ། སྲོག་ཆགས་དང་རྩི་ཤིང༌། ས་ཆ་དང་གཏེར་རྫས། བྲག་རྡོ་དང་ཉི་མའི་འགྱེད་འཕྲོ་སོགས་འདུས་”ཞེས་དང༌། “སྤྱི་ཚོགས་ཁོར་ཡུག་ནི་འགྲོ་བ་མིའི་རིགས་རང་སྟེང་གི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཡར་རྒྱས་བཏང་བའི་ཆུ་ཚད་ཅིག་ལོ་རྒྱུས་དུས་ཡུན་རིང་མོའི་ནང་ དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་གསར་གཏོད་དང་འཛུགས་སྐྲུན་བྱས་པའི་མིའི་རིགས་ཀྱི་འཚོ་གནས་དང་བྱ་འགུལ། འཕེལ་རྒྱས་ཀྱི་མིས་བཟོས་ཁོར་ཡུག་ལ་ཟེར་”ཞེས་སོགས་འཁོད་ཡོད་པ་རེད།

ཐེངས་ 42307 བཀླགས་འདུག