Donate

ཨེ་ཤི་ཡའི་ཆར་དུས་ཀྱིས་ཤུགས་རྐྱེན།

བོད་མཐོ་སྒང་གིས་ཨེ་ཤི་ཡའི་ཆར་དུས་ཀྱི་ཤུགས་རྐྱེན་དང་དེའི་སྟངས་འཛིན་གྱི་ལས་དོན་གལ་ཆེན་ཞིག་སྒྲུབ་ཀྱིན་ཡོད། དབྱར་དུས་བོད་མཐོ་སྒང་དང་ལྷོ་ཨེ་ཤི་ཡའི་ས་ཁུལ་ཁྱོན་ཆེ་ཞིག་རྒྱ་གར་རྒྱ་མཚོ་ལས་དྲོད་ཚད་མཐོ་བ་ཆགས་པ་འདིས་མཐའ་ཡི་རྒྱ་མཚོར་དོ་མི་སྙོམ་པའི་གནོན་ཤུགས་སྤྲོད་པ་དང་། བརླན་གཤེར་དང་རླུང་གིི་རྒྱུ་བ་འདྲེན་པའི་རྐྱེན་བྱེད། བོད་མཐོ་སྒང་གིས་བྱ་བའི་རིམ་པ་འདི་དཔྱིད་དུས་སུ་འགོ་འཛུགས་བྱེད་ཀྱི་ཡོད། ས་གཞིའི་ཕྱི་ངོས་ཀྱིས་གོ་ལའི་རླུང་ཁམས་ལས་ཉི་འོད་མང་བ་བསྡུ་ལེན་བྱེད་ཀྱི་ཡོད་སྟབས། བོད་མཐོ་སྒང་གི་མཁའ་རླུང་ལས་དྲོད་ཚད་མཐོ་བའི་སྐམ་སའི་ངོས་རྒྱ་ཆེན་པོ་ཞིག་བསྐྲུན་གྱི་ཡོད། འདིས་མཚོ་ཁ་དང་སྐམ་སའི་རླུང་ཁམས་ལ་གནོན་ཤུགས་ཀྱི་བར་ཁྱད་ཆེ་རུ་བཏང་བའི་རྐྱེན་གྱིས་མོན་སུན་(monsoon) ཆར་དུས་ཀྱི་ནུས་ཤུགས་སྤེལ་གྱི་ཡོད།
ཕྱི་ལོ་ ༢༠༠༧ ལོར་ཁྲེང་(Cheng)དང་ཝུ་(Wu)གཉིས་དང་ཕྱི་ལོ་༢༠༠༤ ལོར་ལིན་(Lin)དང་ཁོང་གི་ལས་རོགས་བཅས་ཀྱིས་ཉམས་ཞིབ་བྱས་པ་ལྟར་ན། མཐོ་སྒང་གི་འཁྱགས་ས་སོབ་པ་དང་འཁྱགས་སར་འགྱུར་བ་འགྲོ་བའི་གནས་སྟངས་འདིས་རླུང་ཁམས་ཀྱི་འཁོར་བསྐྱོད་ལ་གནད་ཆེའི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་བཤད་འདུག ས་འོག་གི་རྣམ་འགྱུར་སྐྱེན་པའི་འཁྱགས་རིམ་བཞུར་བའི་རྐྱེན་གྱིས་སའི་ནང་གི་བརླན་གཤེར་འཕེལ་
རྒྱས་སུ་ཕྱིན་པ་འདིས་ས་གཞིའི་ཕྱི་ངོས་དང་རླུང་ཁམས་དབར་ཚ་དྲོད་བརྗེ་ལེན་གྱི་ཚད་གཞི་མཐོ་རུ་འགྲོ་ཡི་ཡོད། འདི་ལྟའི་བརྒྱུད་རིམ་ལས་བྱུང་བའི་ཚ་དྲོད་དང་བརླན་གཤེར་གྱི་འགྱུར་ཁྱད་འདིས་ཤར་ཨེ་ཤི་ཡའི་གནམ་གཤིས་ལ་ཕན་གནོད་ཆེན་པོ་འབྲེལ་གྱི་ཡོད། དཔེར་ན། རྒྱ་ནག་ལྷོ་ཕྱོགས་དང་འབྲི་ཆུའི་བཞུར་རྒྱུད་ཀྱི་དཀྱིལ་ཁུལ་དང་སྨད་ཆའི་ས་ཁུལ་ཁག་གི་དབྱར་ཁའི་ཆར་ཞོད་ཀྱི་འགོ་འཛུགས་ནམ་ཡོང་བོད་མཐོ་སྒང་གི་དཔྱིད་ཀའི་འཁྱགས་པ་སོབ་དུས་ཀྱིས་ཤུགས་རྐྱེན་བྱེད་པ་ལྟ་བུ་ཡིན།
ཕྱི་ལོ་ ༢༠༠༩ ལོར་ཏིང་(Ding)དང་ཁོང་གི་ལས་རོགས་ཚོའི་ཉམས་ཞིབ་ལས་བོད་མཐོ་སྒང་གི་དཔྱིད་དུས་གངས་རིའི་མཐུག་ཚད་དང་འབྲི་ཆུའི་བཞུར་རྒྱུད་ཀྱི་དཀྱིལ་སྨད་ས་ཁུལ་ཁག་གི་དབྱར་དུས་ཀྱི་ཆར་ཞོད་འབོར་ཚད་དབར་གལ་གནད་ཧ་ཅང་ཆེ་བའི་འབྲེལ་བ་གྲུབ་ཡོད་པ་ཤེས་རྟོགས་བྱུང་འདུག བོད་མཐོ་སྒང་གི་དཔྱིད་ཀ་དང་དབྱར་ཁའི་ནམ་དུས་ཀྱི་ཚ་དྲོད་ཀྱིས་རྒྱ་ཆེ་བའི་ཨེ་ཤི་ཡའི་དབྱར་ཁའི་གནམ་གཤིས་འཁོར་བསྐྱོད་ཀྱི་རྒྱུ་རྐྱེན་གཙོ་བོ་བྱེད་ཀྱི་ཡོད། བོད་མཐོ་སྒང་གི་ཚ་དྲོད་ཀྱིས་ས་གཞིའི་ངོས་སུ་དྲག་རླུང་འཁོར་བསྐྱོད་དང་། རླུང་ཁམས་གོང་མའི་ལྡོག་འཁོར་དྲག་རླུང་སྐྱེད་པའི་རྒྱུ་རྐྱེན་བྱེད་པ་འདིས། མཐོ་སྒང་གི་ཤར་ཕྱོགས་སུ་རླུང་གི་རྒྱུ་བ་ཤུགས་ཆེ་ཞིག་འདྲེན་པའི་རྐྱེན་བྱེད་པ་ཡིན། དེས་ན་རྒྱ་ནག་ཤར་ཕྱོགས་ཀྱི་དབྱར་ཁའི་ཆར་དུས་ནི་བོད་མཐོ་སྒང་གི་ཚ་དྲོད་ལ་བརྟེན་ནས་འབྱུང་བ་ཡིན།
དམིགས་བསལ་དགུན་དུས་ཀྱི་རྒྱུན་ལྡན་མིན་པའི་ཁ་བའི་མཐུག་ཚད་ཀྱིས་རྒྱ་ནག་ནང་གི་ཆར་ཞོད་ལ་ཤུགས་རྐྱེན་བྱེད་པ་གསལ་རྟོགས་བྱུང་ཡོད། འོན་ཀྱང་འདི་གཅིག་པུ་མིན་པར་རྒྱུ་རྐྱེན་གཞན་དག་ཀྱང་ཕལ་ཆེར་ཡོད་སྲིད། གང་ལྟར་ཡང་། གནས་སྟངས་འདི་ཚོས་རྒྱ་ནག་གི་ས་ཁུལ་ཁག་གི་ཆར་ཞོད་ཐད་དགུན་དུས་ཀྱི་བོད་མཐོ་སྒང་གི་རྒྱུན་ལྡན་མིན་པའི་ཁ་བ་འབབ་ཚད་དེ་དཔྱིད་དུས་ཀྱི་ཁ་བ་ལས་གལ་ཆེ་བ་ཡིན་པ་ར་ཕྲོད་བྱུང་ཡོད། ཁ་བའི་མཐུག་ཚད་མཐོ་བ་དང་ཁྱབ་རྒྱ་ཆེ་བ་གཉིས་ཀས་དབྱར་དུས་ཀྱི་ཆར་ཤུགས་དང་། ཆར་འགོ་ཚུགས་དུས་ལ་མངོན་གསལ་དོད་པོས་ཕན་གནོད་འབྲེལ་བའི་རྐྱེན་གྱིས་རྒྱ་ནག་ལྷོ་ཕྱོགས་ལ་ཆར་ཞོད་ཆུང་བ་དང་། འབྲི་ཆུ་དང་ཧུའེ་ཧེ་(Huaihe)གཙང་པོའི་བཞུར་རྒྱུད་ས་ཁུལ་དུ་ཆར་ཞོད་ཆེ་རུ་འགྲོ་ཡི་ཡོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42284 བཀླགས་འདུག