Donate

གནམ་གཤིས་འགྱུར་འགྲོས་དང་བོད་ཀྱི་ཁོར་ཡུག་ཐད་ཚན་རིག་པས་ཞིབ་འཇུག

གནམ་གཤིས་འགྱུར་འགྲོས་ཀྱི་རྐྱེན་པས་མདོ་དབུས་མཐོ་སྒང་བོད་ཀྱི་འཁྱག་རོམ་ལ་ཤུགས་རྐྱེན་གང་འདྲ་ཐེབས་མིན་ཚན་རིག་པ་ཚོས་ཞིབ་འཇུག་གནང་གི་འདུག དེ་ཡང་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཅེས་པའི་དབྱིན་ཡིག་གསར་ཤོག་ཐོག་ཕྱི་ཚེས་ ༢༡ ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་ཀྱི་སྐབས་གཉིས་པའི་མདོ་དབུས་མཐོ་སྒང་ལ་ཚན་རིག་རང་བཞིན་གྱི་བརྟག་ཞིབ་ཀྱི་ཆ་ཤས་སུ་རྒྱ་ནག་གི་ཚན་རིག་པ་ཚོས་ཡར་ཀླུང་གཙང་པོའི་འབྱུང་ཁུངས་ལ་བརྟག་ཞིབ་ཀྱི་ལམ་ནས་འཁྱག་རོམ་གྱིས་གོ་ལའི་དྲོད་ཚད་ལ་ཐེབས་པའི་ཤུགས་རྐྱེན་སྐོར་ལ་ཞིབ་འཇུག་བྱེད་འགོ་བརྩམས་ཡོད་པ་རེད། རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཚན་རིག་པའི་དཔུང་སྡེ་དང་། ན་གཞོན་སློབ་ཕྲུག དེ་མིན་རྟོག་ཞིབ་རུ་ཁག་ལ་དགོས་ངེས་ཀྱི་ལས་དོན་སྒྲུབ་མཁན་གྱི་ལས་བྱེད་ཡོངས་ལ་མཚམས་འདྲི་གནང་བ་དང་སྦྲགས་གོ་ལའི་གནམ་གཤིས་འགྱུར་འགྲོས་ཀྱི་རྐྱེན་པས་གཙང་པོའི་འབྱུང་ཁུངས་དང་ཁོར་ཡུག དེ་བཞིན་གོད་ཆག་གི་ཉེན་ཁ་དང་བཅས་པའི་གནད་དོན་ཁག་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱེད་དགོས་ལུགས་གསུངས་ཡོད་པ་མ་ཟད། མདོ་དབུས་མཐོ་སྒང་ནི་སྐྱེ་དངོས་རིག་པའི་བདེ་འཇགས་ཐད་གལ་ཆེན་པོ་ཆགས་ཡོད་པའི་ཁར་ འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཀྱི་རྟེན་གཞི་ཤིག་ཀྱང་ཆགས་ཡོད་པའི་ཆ་ནས་བརྟག་ཞིབ་རུ་ཁག་གིས་མཐོ་སྒང་གི་རྒྱུན་འཁྱོངས་འཕེལ་རྒྱས་དང་དེ་བཞིན་འཛམ་གླིང་གི་སྐྱེ་དངོས་ཁོར་ཡུག་སྲུང་སྐྱོབ་སྐོར་དར་སྤེལ་འབྱུང་ཐབས་ཀྱི་ཁ་ཕྱོགས་སྟོན་དགོས་ལུགས་ནན་བརྗོད་གནང་ཡོད་པ་རེད།
ཡང་གནས་ཚུལ་ནང་མུ་མཐུད་གསལ་བར་གཞིགས་ན། ཟླ་བ་རྗེས་མར་བརྟག་ཞིབ་རུ་ཁག་དེ་བཞིན་སྟོད་མངའ་རིས་ཕྱོགས་སུ་བསྐྱོད་ནས་ཁོར་ཡུག་གི་འགྱུར་འགྲོས་ལ་བརྟེན་ནས་མདོ་སྒང་གི་འཁྱག་རོམ་དང་། མཚེའུ། གཙང་པོ། སྐྱེས་དངོས་ཀྱི་རིགས་ལ་སོགས་པར་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་སྐོར་ལ་ཞིབ་འཇུག་གནང་རྒྱུ་ཡིན་ལུགས་ཀྱི་གནས་ཚུལ་སྤེལ་ཡོད་པ་རེད།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། བོད་སྐད་སྡེ་ཚན་གྱི་དྲ་གནས་ལས་དྲངས།

ཐེངས་ 42208 བཀླགས་འདུག