Donate

རྒྱ་གར་ནུབ་བྱང་ཁུལ་དུ་ཆར་རླུང་དྲག་པོའི་གནོད་སྐྱོན་ཐེབས།

མདང་དགོང་ (ཕྱི་ཚེས་ ༡༢ དགོང་མོར) རྒྱ་གར་ནུབ་དང་བྱང་ཕྱོགས་ཁུལ་དུ་དྲག་ཆར་དང་ལྷག་རླུང་བརྒྱབ་སྟེ་མི་གྲངས་ ༤༢ དང་སེམས་ཅན་ ༤༠ ལྷག་རྐྱེན་འདས་སུ་ཕྱིན་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་འདུག རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་དགོང་མོར་རྒྱ་གར་ཨུ་ཊར་མངའ་སྡེའི་ནུབ་ཕྱོགས་དང་ར་ཇི་སི་ཐན་གྱི་ཤར་ཕྱོགས་ཁུལ་དུ། དུས་ཡུན་ཆུ་ཚོད་བཞིའི་རིང་དྲག་ཆར་དང་ལྷག་རླུང་བརྒྱབ་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་དངོས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཁོངས་སུ་ཡོད་པའི་རྒྱ་གར་གྱི་རིག་དངོས་གྲགས་ཅན་ཏྰ་ཇི་མ་ཧལ་ལ་གཏོར་སྐྱོན་ཐེབས་པ་དང་། ཁང་པ་དང་རྩིག་གྱང་འགྱེལ་སྟེ་མི་གྲངས་ ༤༢ རྐྱེན་འདས་དང་མི་ ༢༠༠ ལྷག་ལ་རྨས་སྐྱོན་བཟོས། དེ་བཞིན་བ་གླང་དང་ལུག་བཅས་སྒོ་ཟོག་སེམས་ཅན་ ༤༠ ལྷག་བསད། ས་ཁུལ་དེ་དག་ནང་གི་གློག་སྡོང་ ༦༠༠ ལྷག་གཏོར་བ་དང་། ཁུལ་དེའི་ཞིང་ས་བརྒྱ་ཆ་ ༨༠ ཙམ་ལ་གནོད་སྐྱོན་ཐེབས་ཡོད་འདུག་

དེ་རིང་སྔ་དྲོར་ཨུ་ཊར་ཛ་དྲག་མྱུར་སྐྱོབ་ཚན་པའི་འགན་འཛིན་པལ་སིན་(Pal Singh)ལགས་ཀྱིས། ད་ལྟ་ང་ཚོའི་རུ་ཁག་ནས་བསྐྱར་དུ་གློག་ལམ་འབྲེལ་མཐུད་ཀྱིས་མི་མང་ལ་རོགས་སྐྱོར་བྱེད་ཀྱི་ཡོད། ད་རེས་ནི་མི་དང་རྒྱུ་འབྱོར་གང་ཐད་ནས་གྱོང་གུད་ཚབས་ཆེན་ཐེབས་པའི་འབྱུང་ཁམས་གནོད་སྐྱོན་ཞིག་ཆགས་ཡོད། ཅེས་བརྗོད་འདུག་ལ། ད་ལྟའི་ཆར་ཁུལ་དེ་དག་ནང་འབྲེལ་ལམ་ཆད་དེ་ཛ་དྲག་མྱུར་སྐྱོབ་བྱེད་པར་དཀའ་ངལ་འཕྲད་བཞིན་ཡོད་འདུག

ར་ཇི་སི་ཐན་ཌོལ་པོར་(Dholpur)རྫོང་གི་ས་གནས་འཛུགས་སྐྲུན་ལས་ཁུངས་ཀྱི་འགན་འཛིན་ཤོ་ཆེའེ་ཏེ་གྷེ་(Shuchi Tyaagi)ལགས་ཀྱིས། འབྱུང་བའི་གནོད་སྐྱོན་ཐེབས་པའི་ཁྱིམ་ཚང་རེ་ལ་ཧིན་སྒོར་ཁྲི་ ༥ རེ་ཡིས་གུན་གསབ་སྤྲོད་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད་འདུག

ཡང་འབྲེལ་ཡོད་ལས་བྱེད་ཅིག་གིས་དྲག་ཆར་རླུང་འཚུབ་ཀྱི་རྐྱེན་ངན་འོག ཏྰ་ཇི་མ་ཧལ་གྱི་སྒོ་དང་ཀྭ་བ་སོགས་ལ་གཏོར་སྐྱོན་ཐེབས་ཡོད་པ་མ་ཟད། ཐོག་རྩེག་བཞི་པའི་རྩེ་ཏོག་རྣམས་གཡོ་འགུལ་ཐེབས་ཡོད་སྟབས། ད་ལྟ་འབྲེལ་ཡོད་ཞིག་གསོ་བྱེད་བཞིན་པའི་སྒང་ཡིན་སྐོར་བསྒྲགས་འདུག

ཕྱི་ལོ་ ༢༠༡༧ ལོར་རྒྱ་གར་ཏ་མན་ན་ཌུ་དང་ཀེ་རེ་ ལྰ་མངའ་སྡེ་གཉིས་ནང་ཆུ་ཚོད་ ༦ རིང་དྲག་རླུང་གཡུགས་ཏེ། མི་གྲངས་ ༡༧ རྐྱེན་ལམ་དུ་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོར་ཏ་མན་ན་ཌུ་དང་ཨན་དྷི་ར་མངའ་ སྡེ་གཉིས་ནང་དྲག་རླུང་གཡུགས་ཏེ ་མི་ ༥༩ བསད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བོད་ཀྱི་དུས་བབ་ལས་དྲངས།

ཐེངས་ 42294 བཀླགས་འདུག