Donate

རྒྱ་གར་བྱང་ཕྱོགས་ལ་ཆར་དུས་སུ་ས་ཡོམ་མི་འདྲ་བ་ཐེངས་གསུམ་བྱུང་།

ཕྱི་ལོ་༢༠༡༨ ཟླ་ ༧ ཚེས་ ༢༧ ཉིན་དུས་བབས་གསར་ཁང་གིས་བསྒྲགས་པར་ལྟར་ན། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཀང་རཱ་རྫོང་དང་ཅམ་བྷ་རྫོང་སོགས་ཀྱི་ནང་བསྟུན་མར་ཉིན་ ༣ རིང་ས་འགུལ་ཚད་རིམ་མི་འདྲ་བ་ཐེངས་ ༣ བྱུང་། ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༡ ཙམ་ལ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཀང་རཱ་རྫོང་ཁོངས་སུ་ས་ཡོམ་ཚད་རིམ་ ༣.༨ ཅན་ཞིག་བརྒྱབས་སོང་བ་དང་། རྒྱ་གར་གྱི་(Zee News)གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་།ཐེངས་འདིའི་ས་འགུལ་ཁྲོད་མི་རྒྱུ་སོགས་ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་གང་ཡང་བྱུང་མེད་ན་ཡང་། ས་ཡོམ་གྱི་ཤུགས་རྐྱེན་ཧི་མ་ཅལ་གྱི་ས་ཁུལ་མང་པོར་ཁྱབ་ཡོད་སྐོར་བརྗོད་འདུག

ཧི་མ་ཅལ་མངའ་སྡེའི་ནང་བསྟུན་མར་ཉིན་གསུམ་རིང་ཚད་རིམ་མི་འདྲ་བའི་ས་ཡོམ་ཆེ་ཆུང་ཐེངས་གསུམ་བྱུང་ཡོད་པ་དང་། ས་ཡོམ་དང་པོ་དེ་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཚད་རིམ་ ༢.༩ ཅན་ཞིག་ཀང་རཱ་རྫོང་ཁོངས་སུ་བྱུང་ཡོད་པ་དང་། ཕྱི་ཚེས་༢༦ ཉིན་ཧི་མ་ཅལ་ཅམ་བྷ( Chamba)རྫོང་ཁོངས་སུ་ཚད་རིམ་ ༣.༣ ཅན་ཞིག་བྱུང་ཡོད་འདུག

རྒྱ་གར་ས་གནམ་གཤིས་ཚན་པས་བརྗོད་པ་ལྟར་ན། ས་ཡོམ་གྱི་ལྟེ་བའི་གཏིང་ཟབ་ཚད་ལ་སྤྱི་ལེ་ ༡༠ ཙམ་ཡོད་པ་དང་། ད་ལྟ་ཆར་དུས་ལ་ཁེལ་ཡོད་སྟབས་ས་ཡོམ་ཆུང་ཚགས་རིགས་མུ་མཐུད་བྱུང་བའི་ཉེན་ཁ་ཡོད་སྟབས། ལམ་ག་ཆད་པ་དང་རི་བྲག་ཉུལ་བ་སོགས་ལ་གཟབ་དགོས་པའི་ཉེན་བརྡ་བཏང་འདུག

ཕྱི་ལོ་ ༢༠༡༦ ལོར་རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གི་ཁྱབ་ཁོངས་རྐྱེན་ངན་གྲོལ་འདོམས་ཁང་གི་རིགས་གཅིག་མཁས་པ་ཚོས། ཉེ་བའི་ལོ་ཤས་རིང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་ཏུ་བསྟུད་མར་ས་ཡོམ་མང་པོ་བརྒྱབ་པའི་དབང་གིས་ད་ལྟ་རྒྱ་གར་གྱི་ས་གཞོང་དང་ཡུ་རེ་ཤི་ཡའི་ས་གཞོང་གཉིས་ཁ་གྱེས་ཡོད་སྟབས། མི་འགྱང་བར་ཧི་མ་ལ་ཡའི་མངའ་ཁུལ་དུ་ཚད་རིམ་ ༨ ལྷག་གི་ས་ཡོམ་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

རྒྱ་གར་དང་རྒྱལ་སྤྱིའི་ས་དཔྱད་རིག་པའི་ཞིབ་འཇུག་གྲུབ་དོན་ལྟར་ན། རྒྱ་གར་ནང་ས་ཡོམ་མང་ཤོས་རྒྱག་ཡུལ་ས་ཁུལ་ཁག་བཞིར་དབྱེ་ཡོད་པའི་ནང་། རྒྱ་གར་བྱང་ཤར་མངའ་སྡེ་ཁག་དང་བྷི་ཧར་གྱི་ནུབ་རྒྱུད་ཁུལ། ཨུ་དྷར་ཁན་དང་ཧི་མ་ཅལ། ཇམ་མུ་དང་ཀཱ་ཤི་མེར། གྷུ་ཇི་ར་ཋི་དང་ཨན་དྷ་མན། ནེ་ཀཱོ་བྷར་གླིང་ཕྲན་བཅས་ནི་ས་ཡོམ་མང་ཤོས་བྱུང་ཡུལ་དང་། ལྡི་ལི་གཉིས་པའི་གྲས་སུ་ཚུད་ཡོད་སྟབས། ཚན་རིག་མཁས་པ་རྣམས་ཀྱིས་མ་འོངས་པར་ཧི་མ་ལ་ཡའི་རི་རྒྱུད་དུ་ས་ཡོམ་གྱི་ཉེན་ཁ་ཆེན་པོ་ཡོད་པ་དང་། གལ་སྲིད་ས་ཡོམ་་ཤུགས་ཆེན་ཞིག་བྱུང་བ་ཡིན་ན། རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་ཡོངས་རྫོགས་ལ་གནོད་སྐྱོན་འབྱུང་སྲིད་སྐོར་བརྗོད་འདུག

རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་དེ་སྔ་ནས་ས་ཡོམ་མང་པོ་བྱུང་མྱོང་ཡོད་པ་དང་། ཕྱི་ལོ་ ༡༩༠༥ ལོར་ཧི་མ་ཅལ་ཀང་ར་རྫོང་ཁོངས་སུ་ཚད་རིམ་ ༧.༨ ཅན་གྱི་ས་ཡོམ་ཆེན་པོ་ཞིག་བརྒྱབས་ཏེ། མི་གྲངས་ ༢༠༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་མ་ཟད། ཀང་རཱ་དང་དྷ་རམ་ས་ལ་སྟེང་འོག་གཉིས་ཀྱི་ཁང་རྩེག་ ༡༠༠༠༠༠ ལྷག་ལ་གནོད་སྐྱོན་ཐེབས་ཏེ་རྒྱ་གར་གྱི་ལོ་རྒྱུས་ནང་རང་བྱུང་གོད་ཆག་ཁྲོད་ཚེ་སྲོག་ཤོར་བ་མང་ཤོས་ཆགས་ཡོད་འདུག།

 

ཐེངས་ 42195 བཀླགས་འདུག