Donate

སྲིད་སྐྱོང་མཆོག་གིས་ལོན་ཌོན་མཐོ་སློབ་ཁང་དུ་གནམ་གཤིས་འགྱུར་ལྡོག་གི་སྐོར་གསུང་བཤད་གནང་བ།

དེ་ཡང་བོད་མིའི་སྒྲིགས་འཛུགས་ཀྱི་དྲྭ་བར་འཁོད་དོན།

ཨིན་ཡུལ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ལོན་ཌོན་མཐོ་སློབ་ཁང་ University College London གི་ཌར་ཝིན་Darwin Lecture Theatre  གཏམ་བཤད་ཚོགས་ཁང་དུ་༼ བོད་མཐོ་སྒང་དང་གནམ་གཤིས་འགྱུར་ལྡོག ༽ ཅེས་པའི་བཞུགས་མོལ་ཚོགས་འདུའི་སྟེང་མཉམ་ཞུགས་གནང་ཡོད།

དེ་ཡང་བཞུགས་མོལ་ཚོགས་འདུའི་ཐོག་ལོན་ཌོན་མཐོ་སློབ་ཁང་གི་གནམ་དཔྱད་ཚན་རིག་པ་གྲགས་ཅན་དང་དགེ་རྒན་ཆེན་མོ་ཁིར་སི་རཱ་པི་ལེ་ Chris Rapley CBE ལགས་དང་། བྷི་བྷི་སི་གསར་ཁང་གི་གསར་འགོད་པ་ཟུར་པ་གྲགས་ཅན་ཨི་མེ་ལེ་ Emily Buchanan ལགས་ཕེབས་ཡོད་པ་རེད། གསར་འགོད་པ་གྲགས་ཅན་ཨི་མེ་ལེ་ལགས་ཀྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཉེ་ཆར་བྷི་བྷི་སི་གསར་ཁང་གི་གསར་འགོད་པ་ཞིག་གིས་འདས་པའི་ལོ་ངོ་ ༤༠ ལྷག་གི་ནང་ཧི་མ་ལ་ཡའི་འཁྱགས་རོམ་ glacier གྱི་བཞུ་ཚད་ལྡབ་ལོག་གིས་འཕར་ཡོད་པའི་གནས་ཚུལ་ཞིག་འཁོར་སྐར་ satellites གྱིས་བརྒྱབ་པའི་པར་རིས་བརྒྱུད་ནས་ཤེས་རྟོགས་བྱུང་ཡོད་པ་དེ་ལུང་འདྲེན་དང་བཅས་གསུང་དོན།

བོད་མཐོ་སྒང་ནི་ཨེ་ཤི་ཡའི་ཆུ་མཛོད་ལྟ་བུ་ཡིན། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་། པ་ཀི་སི་ཐན། བྷང་ལ་དེ་ཤི། འབར་མ་སོགས་ཀྱི་མི་གྲངས་ཐེར་འབུམ་ ༡་༤ ལྷག་གིས་བོད་ཀྱི་གཙང་པོར་བརྟེན་ནས་འཚོ་བཞིན་ཡོད། རྒྱ་གཞུང་གིས་བོད་ཀྱི་གནམ་གཤིས་ཀྱི་འགྱུར་ལྡོག་དང་། ས་ཆའི་ཐོག་འཛིན་པའི་སྲིད་བྱུས་དེ་དག་ནི་རྒྱ་ནག་གི་ནང་སྲིད་གཅིག་པུའི་གནད་དོན་མིན་པ་ངོས་འཛིན་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཨེ་ཤི་ཡ་ཙམ་མ་ཡིན་པར། ཐ་ན་ཤར་ཨ་ཕི་རི་ཁ་དང་ཡུ་རོབ་ནང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་སོགས་ཀྱི་སྐོར་གསུངས།

དགེ་རྒན་ཆེན་མོ་ཁིར་སི་རཱ་པི་ལེ་ལགས་ཀྱིས། གནམ་གཤིས་ཀྱི་འགྱུར་ལྡོག་ང་ཚོ་ཚང་མར་འབྱུང་བཞིན་ཡོད་པས། ང་ཚོ་མི་རེ་ངོ་རེ་ལ་འགན་ཁུར་ཡོད། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་གོ་ལའི་ཚ་དྲོད་འཕེལ་བཞིན་ཡོད་སྟབས། གོ་ལའི་ཚ་དྲོད་སྙོམས་པོ་ཡོང་བར་བོད་མཐོ་སྒང་གི་ཁོར་ཡུག་ལ་སྲུང་སྐྱོབ་དང་བདག་གཅེས་བྱེད་དགོས་པའི་གལ་གནད་སྐོར་ཡང་གསུངས་འདུག

source by:https://www.bod.asia

 

 

ཐེངས་ 428068 བཀླགས་འདུག