Donate

གཟི་ཚ་སྡེ་དགུ་རུ་ས་ཡོམ་བྱུང་ནས་མི་ ༢༤ ཙམ་རྐྱེན་འདས་དང་ ༤༩༣ ལྷག་ལ་རྨས་སྐྱོན་བྱུང་འདུག

ཉེ་བའི་ཆར་སི་ཨན་ཨན་གསར་ཁང་དང་། དེ་མིན་གྱི་རྒྱུད་ལམ་གཞན་ཁག་གཅིག་གིས་སྔ་ཕྱིར་གནས་ཚུལ་སྤེལ་བར་གཞིགས་ན།  འདི་ཟླའི་ཚེས་ ༨ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩ དང་སྐར་ ༡༩ ཐོག སི་ཁྲོན་རྔ་བའི་གཟི་ཚ་སྡེ་དགུ་རུ་ཚད་རིམ་ ༦.༥ ཅན་གྱི་ས་ཡོམ་ཤུགས་ཆེན་པོ་ཞིག་བརྒྱབས་ནས་ཉུང་མཐར་མི་ ༡༩ ཙམ་རྐྱེན་འདས་དང་ ༣༤༣ ལྷག་ལ་རྨས་སྐྱོན་ཆེན་པོ་བྱུང་ཡོད་པ་ (ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་གསར་དུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན་དེ་སྔོན་གྱི་ས་ཡོམ་ཁྲོད་ཁྱོན་མི་གྲངས་ ༢༤ གྲོངས་པ་དང་།  མི་ ༤༩༣ ལ་རྨས་སྐྱོན་ཕོག་ཡོད་འདུག ཕྱི་ཚེས་ ༡༤ ཉིན་གསར་དུ་མཆན་བཏབ་) དེའི་ཁྲོད་ནས་མི་ ༣༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། རྒྱུ་དངོས་ས་ཁང་སོགས་ལ་གྱོང་གུད་ཧ་ཅང་ཆེན་པོ་ཐེབས་ཡོད་པར་བརྗོད། འདས་གྲོངས་ཕྱིན་ཟིན་པ་དེ་དག་ལས་མི་ ༥ ལྷག་ཡུལ་སྐོར་སྤྲོ་འཆམ་པ་ཡིན་པ་ཡིན་ཞིང་། ས་གནས་དེའི་རྒྱལ་སྤྱིའི་མགྲོན་ཁང་གཏོར་བཤིག་ཆེན་པོ་ཐེབས་པ་རྣམས་ཀྱི་ནང་ནས་མི་ ༢༨༠༠ ཙམ་མྱུར་སྐྱོབ་བྱས་ཡོད་སྐོར་བསྒྲགས་འདུག མྱུར་སྐྱོབ་རུ་ཁག་གིས་དུས་ཡུན་ཧ་ཅང་རིང་པོར་ས་རྡོ་སོགས་ཀྱི་ཞིག་རོ་རྣམས་གཙང་བཟོ་གང་ལེགས་བྱས་ཤིང་། ཁང་ཞིག་སོགས་ཀྱི་འོག་ཏུ་མནན་ཡོད་པའི་མི་དང་ཕུང་པོ་མང་དུ་རྙེད་ཡོད་འདུག

            ས་ཡོམ་དེ་བྱུང་སྐབས་ཉེ་འཁོར་གྱི་མཛོད་དགེ་དང་། རྨ་ཆུ། ཆིག་བསྒྲིལ། པདྨ་སོགས་ལའང་ས་འགུལ་དེའི་ཤུགས་རྐྱེན་བྱུང་ཡོད་ཀྱང་། ད་ལྟའི་ཆར་ས་ཆ་དེ་དག་གི་ནང་མི་ལ་ཤི་རྨས་དང་རྒྱུ་དངོས་ལ་གནོས་འཚེ་བྱུང་བའི་གནས་ཚུལ་གོ་ཐོས་མེད་པ་ཡིན་འདུག རྒྱ་གཞུང་གི་ས་འགུལ་དྲ་བའི་ལྟེ་གནས་ཁང་གིས་ས་འགུལ་དེའི་ཤུགས་ཚད་ ༧.༠ ཡིན་པར་བསྒྲགས་ཡོད་འདུག་ཀྱང་ ཨ་རིའི་ས་ཁམས་ལྟ་ཞིབ་ཚན་པས་ཤུགས་ཚད་ ༦.༥ ཡིན་པར་བརྗོད་སྟབས་ས་ཡོམ་གྱི་ཤུགས་ཚད་ཐད་མི་མཐུན་པ་བྱུང་ཡོད་འདུག དེའི་རྒྱུ་མཚན་ཡང་ཨ་རིས་རྒྱ་གཞུང་གི་འཛུགས་སྐྲུན་སྤུས་ཚད་ཀྱིས་འདང་གི་མེད་རྐྱེན། ས་ཡོམ་ཤུགས་ཆུང་ཡང་གོད་ཆག་ཚབས་ཆེན་ཡོང་མུན་ཡིན་པར་ཤོད་ཀྱི་ཡོད་ཅིང་། རྒྱ་ནག་གིས་དེ་ལས་ལྡོག་ཏེ་ས་འགུལ་ཤུགས་ཆེན་པོ་བྱུང་ཡང་རྒྱ་ནག་གི་འཛུགས་སྐྲུན་སྤུས་ཚད་ལེགས་པས་གནོད་སྐྱོན་ཆེན་པོ་བྱུང་མེད་པར་ཤོད་བཞིན་པས་ཡིན་འདུག ས་ཡོམ་གྱི་ལྟེ་གནས་ནས་ཀི་ལོ་མི་ཊར་ ༣༠༠ ཡི་མཚམས་སུ་ཡོད་པའི་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་གཙོ་བོ་རྒྱ་ནག་ཁྲིན་ཏུ་ལ་ཡང་ས་ཡོམ་དེའི་ཤུགས་རྐྱེན་བྱུང་ཡོད་སྐོར་བཀོད་འདུག

            ཕྱི་ཟླ་ ༠༨ ཚེས་ ༠༨ དགོང་མོ་ནས་ ༡༠ ཉིན་གུང་བར་རྔ་བ་ཁུལ་གཟི་ཚ་སྡེ་དགུ་རུ་ས་ཡོམ་ཚད་རིམ་ ༣ ལས་བརྒལ་བ་ཐེངས་ ༡༨ ལྷག་བྱུང་ཡོད་པ་དང་། སྤྱིར་བཏང་གི་ས་ཡོམ་ཚད་རིམ་མི་འདྲ་བ་ཐེངས་ ༡༠༠༠ ལྷག་བརྒྱབ་སྟེ། ཕྱི་ཚེས་ ༠༩ ཉིན་རྒྱབ་བར་ཉེ་འཁོར་རི་བོ་རྣམས་ནས་རྦབ་རྡོ་འགྲིལ་བ་སོགས་ས་འགུལ་དེའི་མཚམས་ཆད་མེད་པའི་གནས་ཚུལ་ཡང་བཀོད་འདུག དེ་བཞིན་གཟི་ཚ་སྡེ་དགུའི་རྫོང་ཁོངས་སུ་ཡོད་པའི་གཡུང་དྲུང་བོན་གྱི་དགོན་ཆེན་ཁོད་སྤུངས་གཡུང་དྲུང་དར་རྒྱས་གླིང་ལ་གནོད་སྐྱོན་ཆེན་པོ་ཕོག་སྟེ་འདུ་ཁང་རྙིང་བ་སོགས་ལོ་རྒྱུས་ཀྱི་རིན་ཐང་ཆེ་བའི་ཁང་པ་ཧ་ཅང་མང་པོ་ཞིག་རལ་དུ་གྱུར་ཡོད་སྟབས་གྲྭ་བཙུན་ཚང་མ་གྲྭ་ཤག་ཕྱི་ལ་དོན་ནས་ས་རྒྱ་ཡངས་སར་ཉལ་བཞིན་ཡོད་འདུག

ཁོད་སྤུངས་གཡུང་དྲུང་དར་རྒྱས་གླིང་ལ་ས་ཡོམ་གྱི་གནོད་སྐྱོན་ཕོག་པའི་རྣམ་པ།

            རྒྱ་ནག་ས་ཡོམ་དོ་དམ་ཁང་ལ་ཛ་དྲག་མྱུར་སྐྱོབ་བྱེད་སྟངས་རིམ་པ་བཞི་ཡོད་པ་ལས། ད་ཐེངས་རིམ་པ་དང་པོའི་ཛ་དྲག་མྱུར་སྐྱོབ་ཚད་མཐོ་ཤོས་ཀྱི་རིམ་པ་སྤྱད་ནས་མེ་གསོད་རླངས་འཁོར་ ༤༠༠ ཙམ་དང་། མེ་གསོད་མཁན་ ༡༡༠༠ ལྷག་བཏང་ཡོད་ཅིང་། དེ་དག་གིས་མི་སོགས་འཚོལ་བྱེད་ཀྱི་ཡོ་ཆས་ ༥༥ ཙམ་དང་། ཉེན་སྐྱོབ་ཀྱི་ཁྱི་ ༣༠ སྐམ་གློག་འཕྲུལ་འཁོར་ ༢༤ བཅས་བེད་སྤྱོད་གཏོང་བཞིན་ཡོད་ཚུལ་རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས་འགོད་སྤེལ་བྱས་འདུག དེ་བཞིན་ས་ཡོམ་དེའི་ཤུགས་རྐྱེན་གྱིས་གློག་ཆད་པ་དང་། ཁ་པར་གྱི་བརྡ་རྟགས་ཀྱང་མེད་པར་གྱུར་ཡོད་སྟབས་ཚེས་༩ ཉིན་ནས་ས་གནས་དེའི་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་རྒྱལ་ཡོངས་སྐྱེད་མོས་ཚལ་སོགས་སྒོ་རྒྱག་རྒྱུ་ཡིན་ལུགས་ས་གནས་གཞུང་གིས་བསྒྲགས་ཡོད་པར་བཤད། དེ་བཞིན་ཚེས་ ༠༩ ཉིན་གྱི་ཞོགས་པ་ས་གནས་ཀྱི་ཆུ་ཚོད་ ༧ དང་སྐར་མ་ ༢༧ ཐོག་ཡུ་གུར་རང་སྐྱོང་ཁུལ་དུའང་ཤུགས་ཚད་ ༦.༣ ཅན་གྱི་ས་ཡོམ་ཞིག་གཏིང་ཚད་ཀི་ལོ་མི་ཊར་ ༢༥.༩ མཚམས་སུ་བརྒྱབས་ཡོད་སྐོར་ཨ་རིའི་ས་ཁམས་ལྟ་ཞིབ་པས་བརྗོད་འདུག་ཀྱང་མི་རྒྱུ་ལ་གནོད་འཚེ་བྱུང་ཡོད་མེད་ད་ལྟའི་ཆར་གསལ་ཁ་མེད་པ་ཡིན་འདུག

ཐེངས་ 42347 བཀླགས་འདུག