དར་མདོ་རྫོང་དུ་ས་འགུལ་ཁྲོད་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་ང་བཞི་རྨས་པ།
ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༣ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༣ པ་དང་སྐར་མ་ ༣༠ ཙམ་ལ་ཁམས་དཀར་མཛེས་ཁུལ་དར་མདོ་རྫོང་དུ་ཚད་རིམ་ ༦་༩ ཅན་གྱི་ས་འགུལ་བརྒྱུགས་ནས་མི་ ༥ རྐྱེན་ལམ་དུ་ཤོར་བ་དང་། ཁྱོན་མི་གྲངས་ ༥༤ སྨས་སྐྱོན་ཕོག་ཡོད་འདུག ས་ཡོམས་དེ་དར་མདོ་རྫོང་གི་འཕྲེད་ཐིག་བྱང་མ་ ༣༠་༣ དང་ཤར་གྱི་གཞུང་ཐིག ༡༠༡་༧ ཡོམ་གནས་ཀྱི་གཏིང་ཚད་སྤྱི་ལེ་ ༡༨ བར་ཁྱབ་ཡོད་འདུག་པ་དང་། ས་འགུལ་ཡོང་དུས་དཀར་མཛེས་ཁུལ་གྱི་ལྕགས་ཟམ་རྫོང་དང་། རོང་བྲག་རྫོང་། རྟའུ་རྫོང་བཅས་ལའང་གཡོ་འགུལ་ཤུགས་ཆེ་ཐེབས་ཡོད་འདུག
ས་ཡོམས་དེའི་རྐྱེན་པས་དཀར་མཛེས་ཁུལ་གྱི་རྫོང་དར་རྩེ་མདོ་དང་རྟའུ། རོང་བྲག བརྒྱད་ཟིལ། ལྕགས་ཟམ། ཉག་ཆུ་བཅས་རྫོང་ ༦ གི་གྲོང་བརྡལ་ ༥༥ ལ་གནོད་འཚེ་ཕོག་ཡོད་འདུག་པ་དང་། ཁྱོན་མི་གྲངས་ ༧༩༥༠༠ ལྷག་གི་འཚོ་བར་གྱོང་གུད་ཐེབས་པ་དང་། ཁང་པ་ ༤༧ ཙམ་ལ་བརྡིབ་སྐྱོན་བྱུང་བ། གཞན་ཁང་པ་ ༢༦༣༠ ཙམ་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་སྟབས། སློབ་ཕྲུག་དང་ས་གནས་མང་ཚོགས་ ༦༣༠༠ ལྷག་བདེ་འཇགས་ཀྱི་ས་གནས་ཤིག་ཏུ་གནས་སྤོ་བྱས་དགོས་བྱུང་ཡོད་འདུག
ཐེངས་ 42297 བཀླགས་འདུག