Donate

ཐོན་ཁུངས་དང་གཏེར་ཁ་བསྔོག་འདོན།

རྒྱ་ནག་རང་ཉིད་བཟོ་ལས་ཡར་ཐོན་གྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུའི་རྨི་ལམ་མམ་འདུན་པ་དང་། རྨི་ལམ་དེ་རྗེས་འདེད་ཀྱི་ཛ་དྲག་བརྩོན་སེམས་ཁོ་ནའི་ཁྲོད། ཤེས་བཞིན་ནམ། ཡང་ན། མ་ཤེས་པར་གང་བྱུང་གིས་བོད་མཐོ་སྒང་གི་གཏན་ཆགས་འཁྱགས་རིམ་དང་རྩྭ་ཐང་མང་པོ་ཞིག་རྩ་བརླག་དང་གཏོར་སྐྱོན་བཏང་ཡོད། རང་བྱུང་གི་རླངས་རྫས་དང་རྡོ་སྣུམ་རིགས་ཙམ་མིན་པར། ཟངས་དང་། ལྕགས། གསེར། དཀར་གཡའ། ལི་ཐི་ཡམ། དངུལ།

རྡོ་རྗེ་ཕ་ལམ། རྡོ་རྒྱུས། ཐལ་ཚྭ་ལྟ་བུའི་བང་མཛོད་ཧ་ཅང་ཕྱུག་པོ་ཡོད་པ་རྣམས་བསྔོག་འདོན་གྱི་བྱ་བས་ཕྱི་ལོ་ ༡༩༥༠ ནས་བཟུང་བོད་མཐོ་སྒང་གི་གཏེར་འདོན་ལས་མི་མས་ལས་བྲེལ་ངང་གནས་པར་བྱས་ཡོད། ད་དུང་ཕྱི་ལོ་ ༢༠༠༧ ལོའ་ིརྒྱ་ནག་གི་ས་ཁྲའི་དཔེ་དེབ་ནང་སལ་བར། ལོ་ངོ་བདུན་རིང་གི་ས་ཁམས་རིག་པའི་གཏིང་ཟབ་ཉམས་ཞིབ་བརྒྱུད། བོད་མཐོ་སྒང་ཐོག་ཏུ་ལྕགས་རྡོ་དང་དེ་མིན་ལྕགས་རིགས་གཞན་གྱི་གཏེར་མཛོད་མང་པོ་ཞིག་གསར་རྙེད་བྱུང་ཡོད།
ཚོད་དཔག་བྱས་དོན་ལྟར་ན། བོད་མཐོ་སྒང་ཐོག་ཏུན་ས་ཡ་ ༣༠ ནས་ ༤༠ བར་གྱི་འབོར་ཚད་ཡོད་པའི་ཟངས་གཏེར་དང་། ཏི་ཚ་ཏུན་ས་ཡ ༤༠། ལྕགས་རྡོ་ཏུན་ཐེར་འབུམ་མང་པོ་ཡོད་པའི་གཏེར་མཛོད་ཡོད་འདུག

ཚན་རིག་པ་རྣམས་ཀྱིས་གཏེར་འདོན་གྱི་བྱ་བས་གཉོད་ཆུང་གི་སྐྱེ་ཁམས་མ་ལག་ལ་དོ་ཕོག་གཏོང་མི་རུང་བའི་ཉེན་བརྡ་སྔོན་ཚུད་ནས་བཏང་ཡོད་ལ། བོད་ནང་གི་གཞི་རྒྱ་ཆེ་བའི་ཟངས་གཏེར་བསྔོག་འདོན་གྱི་ལས་གཞི་དེ། ཕྱི་ལོ་༢༠༡༠ ལོའ་ིལོ་མགོར་འགོ་འཛུགས་བྱས་ཡོད་པ་རེད།

ནུབ་ཕྱོགས་གཏེར་འདོན་མཉམ་ལས་ཀྱིས་གསལ་བསྒྲགས་བྱས་པ་ལྟར། ཕྱི་ལོ་ ༢༠༡༠ ལོར་གཡུ་ལུང་ཟངས་ཏེར་བཞུ་སྦྱངས་བཟོ་གྲྭ་ནས་བཞུ་སྦྱངས་ཟིན་པའི་ཟངས་དྭངས་མ་ཏུན་ ༢༠,༠༠༠ ཐོན་སྐྱེད་བྱེད་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད་ཅིང་། འདི་ནི་ཕྱི་ལོ་ ༢༠༠༨ ལོའི་ཏུན་ ༢,༠༠༠ གི་འབོར་ཚད་ལས་མེད་པའི་ཐོན་འབོར་དང་བསྡུར་ན་ལྡབ་བཅུ་མང་དུ་འགྲོ་རྒྱུ་རེད།གཡུ་ལུང་ཟངས་ཀྱི་གཏེར་ཁ་དེ་ནི་འཛམ་གླིང་ནང་གི་ཟངས་ཀྱི་གཏེར་ཁ་ཆེ་ཤོས་ཀྱི་གྲས་དེ་ཡིན་ལ། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༨༧ ༠ ཡོད། ཟངས་ཀྱི་གཏེར་ཁ་དེ་ནི་ཨེ་ཤི་ཡའི་ནང་གི་གཏེར་ཁ་ཆེ་ཤོས་ཨང་གཉིས་པ་དེ་ཡིན་པར་ཡོངས་སུ་གྲགས་ཤིང་། ད་བར་གསལ་རྟོགས་བྱུང་བ་ལྟར་ན། ཟངས་ཀྱི་གཏེར་རྡོ་ཐོན་འབོར་ཏུན་ས་ཡ་ ༦་༥ ཡོང་ངེས་ཡིན་པ་དང། ད་དུང་གཏེར་མཛོད་ཏུན་ས་ཡ་ ༡༠ ཐོབ་རེ་བྱེད་ཀྱི་ཡོད། གཏེར་ཁ་བསྔོག་འདོན་གྱི་བྱ་བ་འདི་ནི་དྲོད་ཁང་རླངས་རྫས་གློད་གཏོང་གི་ཚབས་ཆེའི་རྒྱུ་རྐྱེན་ཞིག་ཡིན། སྤྱིར་བཏང་ཟངས་གཙང་མ་ཏུན་གཅིག་ཙམ་ཞིག་ཐོན་སྐྱེད་བྱེད་པའི་དོན་དུ་གཏེར་རྡོ་ཏུན་ ༡༢༥ ཙམ་བསྔོག་འབྲུ་བྱེད་ཀྱི་ཡོད།
དེས་ན་ལོ་རེར་ཟངས་དྭངས་མའི་ཐོན་སྐྱོད་ཏུན་ ༢༠,༠༠༠ ལ་སླེབས་པའི་རྗེས་ཀྱི་གཡུ་ལུང་གཏེར་ཁའི་ས་ཁུལ་དེའི་ཡུལ་ལྗོངས་ཀྱི་བཀོད་པ་ཇི་འདྲ་ཞིག་ཏུ་འགྱུར་མིན་བསམ་གཞིགས་ཤིག་བྱོས་དང་། ལོ་རེར་ཁྱོན་བསྡོམས་ས་རྡོ་ཏུན་ས་ཡ་ ༢.༥ བསྔོག་འབྲུ་བྱ་རྒྱུ་ཡིན་ཞིང་། འདིའི་རྐྱེན་པས་ས་གཞིས་ནོན་པའི་གཏན་ཆགས་འཁྱགས་རིམ་ཡོངས་རྫོགས་རྨེག་མེད་དུ་འགྲོ་རྒྱུ་ངེས་པ་རེད།
དུས་ཐུང་ནང་གཏེར་ཁ་བསྔོག་འདོན་གྱི་བྱ་བས་རང་བྱུང་ཡུལ་ལྗོངས་ཀྱི་བཀོད་པར་གཏོར་སྐྱོན་དང་ཆུ་བོ་འབག་བཙོག གཤེར་གནས་སྲོག་ཆགས་ཀྱི་ཚེ་སྲོག་ལ་གནོད་སྐྱོན་བཟོ་རྒྱུ་ཙམ་མིན་པར་། རླུང་ཁམས་ནང་དྲོད་ཁང་རླངས་རྫས་ཀྱང་མང་པོ་གློད་གཏོང་བྱ་རྒྱུ་ཡིན་པ་རེད།

མུ་ཟི་དང་སྡེབ་པའི་རྫས་སྣ་ཚོགས་ཅན་གྱི་གཏེར་རྡོ་བཙོ་སྦྱང་གི་སྐབས་སུ་རླུང་ཁམས་ནང་མུ་ཟིའི་རླངས་རྫས་མང་པོ་གློད་གཏོང་གི་མཇུག་འབྲས་ངན་པ་ཐོན་གྱི་ཡོད། འོ་ན་བོད་ནང་ཟངས་གཏེར་འདོན་པ་དང་། གསོག་པ། བཞུ་སྦྱངས་བྱེད་པ་བཅས་ཀྱི་གནད་དོན་ཡང་སྙིང་བོད་ནང་ག་རེ་འབྱུང་རྒྱུ་ཡིན་ནམ་ཞེ་ན། ཕྱི་ལོ་ ༢༠༠༥ ལོར་སི་ཊི་ཕེན་དང་ཁོང་གི་ལས་རོགས་ཚོས་སྙན་ཐོ་བཏོན་པར། ཨུ་རུ་སུའི་ནང་ཨུ་རལ་རི་རྒྱུད་ལྷོ་ཁུལ་དུ་ཡོད་པའི་ཀ་ར་བྷཤ་(Karabash)ཟངས་གཏེར་བཞུ་སྦྱངས་བྱེད་སའི་གྲོང་བརྡལ་དེར་ལོ་རེར་མུ་ཟིའི་རླངས་རྫས་ཏུན་སྟོང་ཕྲག་མང་པོ་གློད་གཏོང་བྱས་ཡོད་པ་དང། ཟངས་གཏེར་བཞུ་སྦྱངས་ཡོ་བྱད་ལས་ཐོན་པའི་ལྕགས་རིགས་གཏེར་རྫས་ཀྱིས་ཕྱུག་པའི་དུག་གི་གཟེགས་མ། གཏེར་ཁ་རྙིང་པ་ནས་གཏེར་འདོན་བྱེད་སྐབས་ཐོན་པའི་སྐྱུར་རྫས། གཏེར་སྙིགས་དུག་རྫས་དང་། སའི་ནང་དུ་སིམ་པའི་སྙིགས་
གསོག་བརླན་གཤེར་གྱི་དུག་ཁུ་སོགས་ཀྱིས་གནོད་འཚེ་ཧ་ཅང་ཆེན་པོ་ཐེབས་ཡོད་པ་བཤད་འདུག

གྲོང་བརྡལ་དེའི་ནང་གནས་སྡོད་བྱེད་མཁན་གྱི་མི་རྣམས་ལ་སྐྱེ་དུས་ནས་ལྷན་སྐྱེས་སུ་ཡོད་པའི་ནད་རིགས་དང་། དེ་བཞིན་འབྲས་ནད་དང་། དབང་རྩའི་མ་ལག་ལ་གནོད་སྐྱོན་ཤོར་བ་སོགས་ནད་རིགས་འདྲ་མིན་གྱི་སྐྱོན་ཆ་ཧ་ཅང་གི་ཚད་མཐོ་པོ་ཡིན་པ་མངོན་ཡོད། ཡང་ས་གནས་དེའི་ཕྲུ་གུའི་སུམ་ཆ་གཉིས་ཙམ་ཞིག་ལ་ཞ་ཉེའི་དུག་དང་། དུག་ཆེན་བ་བླ། ཏི་ཚ་སྐྱེས་ཀྱི་དུག་ཤས་སོགས་ཀྱིས་ནད་མནར་ཕོག་བཞིན་ཡོད་ལ། མང་དག་ཅིག་དབུག་འཚངས་དང་དབུགས་འབྱིན་བརྔུབས་ཀྱི་ནད་གཞི། པགས་ནད་སོགས་ཀྱིས་མནར་བཞིན་ཡོད། གཏེར་རྡོ་བཞུ་སྦྱངས་བཟོ་གྲྭ་ནས་ལྡང་ཡོང་བའི་རླུང་ཕྱོགས་ཀྱི་སག་ཨེལ་གྷ་ (sak elga) གཙང་ཆུའི་ཉེ་རྒྱུད་ལུང་གཤོང་ནས་གྲོང་ཁྱེར་གྱི་ལྷོ་ངོས་རི་ཀླུང་བར་གྱི་རྩྭ་དང་རྩི་ཤིང་གི་རིགས་རྣམས་ཕལ་ཆེར་རྩ་ཡལ་དུ་བཏང་ཟིན་པ་རེད། དེང་སང་དེ་གར་བཟོ་གྲྭ་ལེགས་བཅོས་བྱས་ཏེ་འབག་བཙོག་གི་རིགས་གློད་གཏོང་བྱ་རྒྱུ་ཉུང་དུ་གཏོང་རྒྱུ་དང་མུ་ཟིའི་འབར་རླངས་འགོག་སྲུང་གི་འཆར་གཞི་འགའ་ཞིག་ཡོད་འདུག ཕྱི་ལོ་ ༢༠༠༨ ལོར་ཝིན་སེནྚ་ (Vincent) དང་ཁོང་གི་ལས་རོགས་ཚོས་གནང་པའི་ཉམས་ཞིབ་ནང་།ཟངས་གཏེར་བཞུ་སྦྱངས་ཡོ་བྱད་ལས་བྱུང་བའི་ཏི་ཚ་སྐྱེས་ལྟ་བུའི་དུག་ཤས་ཅན་གྱི་གཏེར་རྫས་འབོར་ཆེན་གྱིས་གཤེར་གནས་སྲོག་ཆགས་ཀྱི་གྲངས་འབོར་དང་སྲོག་ཆགས་བྱེ་བྲག་པའི་རིགས་རྒྱུན་སྐྱེ་སྤེལ་རྒྱུ་གཉིས་ཀར་ཤུགས་རྐྱེན་ཚབས་ཆེན་ཐེབས་བཞིན་ཡོད་པ་ཤེས་རྟོགས་བྱུང་འདུགདེ་བཞིན་ཁོང་ཚོའི་ཞིབ་འཇུག་གིས་གཏེར་ཁ་བསྔོག་འདོན་བྱ་བ་དང་འབྲེལ་ནས་བྱུང་བའི་བཙོག་སླད་གཏེར་རྫས་ཀྱིས་ཆུ་ཀླུང་གི་ཉ་སེར་པོ་ཞིག་གི་གྲང་འབོར་དང་རིགས་རྒྱུན་འཕེལ་རིམ་འགྱུར་འགྲོས་གཉིས་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་བཤད་ཡོད། ས་ཁུལ་འདི་དག་ཏུ་ཏི་ཚ་སྐྱེས་ཀྱི་འབག་བཙོག་གི་གནོད་སྐྱོན་ཕོག་བཞིན་པ་མ་ཟད། གཤའ་དཀར་དང་ཏི་ཚའི་དུག་ཤས་ཀྱིས་ཀྱང་གནོད་སྐྱོན་ཚབས་ཆེན་ཕོག་བཞིནཡོད། ཡང་ཉམས་ཞིབ་གཞན་ཞིག་གི་ནང། རྒྱལ་མོ་རྔུལ་ཆུའི་ཆུ་ལག་ཅིག་གི་ནང་ཏི་ཚའི་དུག་རྫས་ཤིན་ཏུ་འབོར་ཆེན་ཞིག་ཕུང་གསོག་བྱས་ཡོད་པ་གསལ་སྟོན་བྱས་འདུག་ཅིང་། འབྲི་ཆུའི་ཆུ་ལག་ཅིག་གི་ནང་དུའང་དེ་དང་འབོར་ཚད་མཚུངས་པའི་གཤའ་དཀར་དུག་རྫས་ཡོད་པ་བཤད་འདུག
གང་ལྟར་རྫས་ངན་འདི་རིགས་ཀྱི་འབྱུང་ཁུངས་གང་ལ་ཐུག་མིན་གསལ་རྟོགས་མེད་ཀྱང་། གཏེར་ཁ་བསྔོག་འདོན་གྱི་བྱ་བ་དང་འབྲེལ་བ་ངེས་ཅན་ཞིག་ཡོད་སྲིད།

གཏེར་ཁ་བསྔོག་འདོན་འཆར་འགོད་པ་རྣམས་ཀྱིས་གཏེར་རྡོའི་སྒྲིབ་བྱེད་ས་རྡོ་དང་གད་སྙིགས་སོགས་གཙང་སེལ་གྱི་སྐབས། གཏེར་འདོན་གྱི་བྱ་བ་དང་བཞུ་སྦྱངས་ཀྱི་བརྒྱུད་རིམ་ཁྲོད་ནས་བྱུང་བའི་ཞར་བྱུང་བེད་མེད་ས་རྡོ་སོགས་ཀྱིས་ཉེ་འཁོར་གྱི་ཁོར་ཡུག་ལ་གནོད་སྐྱོན་ཕོག་རྒྱུའི་ཐད་དོ་སྣང་དེ་ཙམ་བྱས་མེད། ཁོར་ཡུག་གི་ལྟ་སྟངས་གཅིག་པུའི་ཐོག་ནས་བཤད་པ་ཡིན་ནའང། ས་ཆུ་རླུང་གསུམ་འབག་བཙོག་ཉམས་སྐྱོན་དུ་གཏོང་བའི་ལས་དོན་
འདི་དག་གི་འབྲས་བུར། བསྐྱར་བཅོས་དང་ཉམས་གསོ་ཐུབ་ཐབས་མེད་པའི་ཡུལ་ལྗོངས་ཉམས་ཆག་གི་གནས་སྟངས་འདི་དག་བྱུང་ཞིང་། འདི་ནི་བློ་ཡུལ་ལས་འདས་པའི་གནས་སྟངས་ཤིག་ཡིན། ཨ་མདོའི་མཚོ་བྱང་སེམས་
ཉིད་(མན་ཡོན་)ས་ཁུལ་གྱི་ཟངས་ཀྱི་གཏེར་ཁ་ལྟ་བུའི་བོད་མཐོ་སྒང་ཐོག་གི་གཏེར་ཁ་ཡོད་སའི་ས་གནས་ཁག་ཏུ་ཕྱི་ལོ་ ༡༩༥༠ ནས་བཟུང་གཏེར་རྫས་བསྔོག་འདོན་བྱས་ཡོད་པ་དང་། རྒྱ་ནག་གིས་ཐོན་ཁུངས་བསྔོག་འདོན་གྱི་ལས་གཞིའི་ནང་ཟངས་གཏེར་དང་ལྕགས་གཏེར་བསྔོག་འདོན་གྱི་ལས་གཞི་འདི་དག་གཞི་རྒྱ་ཆེ་ཤོས་དང་གལ་ཆེ་ཤོས་ཀྱི་གྲས་ཡིན། འདི་གཉིས་ལས་གཞན་ད་དུང་ཧ་ཅང་ཛ་དྲག་ཆེན་པོས་བསྔོག་འདོན་བྱེད་པའི་གཏེར་ཁ་གཅིག་ནི་ནོར་བུ་སའི་ཀོ་ལྕགས་གཏེར་རྡོའ་ིགཏེར་ཁ་དེ་ཡིན། གང་ལྟར་རྒྱ་ནག་གི་ཀོ་ལྕགས་གཏེར་རྡོའི་ཁྱོན་ཡོངས་ཀྱི་དགོས་མཁོའ་ིབརྒྱ་ཆ་ ༨༠ བོད་ཀྱི་ས་ཐོག་ནས་འདོན་གྱི་ཡོད། བོད་མཐོ་སྒང་ཐོག་གོ་ལ་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༨༠ ཟིན་པའི་འབོར་ཚད་ཆེ་ཤོས་ཀྱི་ལི་ཐི་ཡམ་གཏེར་རྫས་དང་། ཟངས་གཏེར་ཀྱང་ཕྱུག་ཤོས་ཀྱི་གྲས་ཡིན་པ་དངོས་འབྲེལ་ཡིན།
ཕྱི་ལོ་ ༢༠༠༨ ལོའ་ིརྒྱ་ནག་གི་རྫས་སྦྱོར་གསར་གནས་ཞེས་པའི་བརྙན་དེབ་ནང་བཤད་པ་ལྟར་ན། ཚ་འདམ་གཤོང་སའི་ལས་གཞིའི་ཐོག་མ་འཛུགས་ཧ་ཅང་ཆེན་པོ་བྱས་འདུག་ཅིང་། དེ་དག་ལས་ཕལ་ཆེ་བ་རང་བྱུང་རླངས་རྫས་དང་གཏེར་ཁ་བསྔོག་འདོན་ལ་དམིགས་ཡོད། གང་ལྟར་ཡང་བློ་ཕམ་བྱེད་དགོས་པའི་གནས་སྟངས་ཤིག་ནི། གཉོད་ཆུང་གི་ཁོར་ཡུག་ལ་གཏོར་སྐྱོན་མི་འགྲོ་བའི་ཐོག་ནས་ལས་གཞི་ཇི་ལྟར་ལག་བསྟར་བྱེད་མིན་དང་། འབྲེལ་ཡོད་གཏེར་འདོན་ལས་མི་དང་ཁུལ་དེར་གནས་སྡོད་ཡུལ་མི་ཚོའི་བདེ་འཇགས་དང་འཕྲོད་བསྟེན་ཐད། འགན་ལེན་དང་ལམ་སྟོན་ཇི་ལྟར་བྱེད་མིན་གྱི་ཁག་ཐེག་རུང་བའི་འགྲེལ་བརྗོད་ཁ་གསལ་དེ་འདྲ་ཅི་ཡང་མེད་པ་དེ་རེད། དཔེར་ན། རྒྱ་ནག་གི་རྫས་སྦྱོར་གསར་དེབ་དེའི་ནང་བཀོད་པར། མཚོ་སྔོན་ཞིང་ཆེན་གྱི་གོར་མོ་ས་ཁུལ་དུ་ཉེ་ལམ་འགོ་འཛུགས་བྱས་པའི་སེ་བི་རླངས་རྫས་གཏེར་ཁ་ (sebei gas
field) ཚ་འདམ་གཤོངས་སའི་ཤར་ཕྱོགས་སུ་ཡོད་པ་དེ་ནས་ལོ་རེར་རང་བྱུང་རླངས་རྫས་མི་ཊར་ཤོ་གཟུགས་མ་ཐེར་འབུམ་ ༡༠ བསྔོག་འདོན་བྱེད་འཆར་་ཡོད་འདུག
འདི་ནི་རྒྱ་ནག་གི་རླངས་རྫས་ཀྱི་གཏེར་ཁ་ཆེན་པོ་བཞིའི་གྲས་ཀྱི་གཅིག་ཡིན་ལ། རྟོག་ཞིབ་ཀྱིས་ཤེས་རྟོགས་བྱུང་བ་ལྟར་ན། ས་ཁུལ་དེར་རླངས་རྫས་ཀྱི་གཏེར་མཛོད་ཀྱི་འབོར་ཚད་མི་ཊར་ཤོ་གཟུགས་མ་ཐེར་འབུམ་ ༣༠༠ཡིན། ང་ཚོར་གནས་ཚུལ་ཐོབ་གསལ་ལྟར་ན། ལས་གཞི་འདིས་ས་ཁུལ་དེར་
རིང་པོར་མ་ཐོགས་པར་ཐོན་སྐྱེད་ཀྱི་ཁྲོན་པ་ ༩༥༡ འབྲུ་རྒྱུ་ཡིན་པ་དང་། སྤྱི་ལེ་༡༥ ༠༠ ལྷག་གི་རིང་ཚད་ཅན་གྱི་རླངས་རྫས་འདྲེན་པའི་སྦུབས་མདོང་འཛུགས་སྐྲུན་བྱེད་གཏན་འཁེལ་ཡོད། འདི་ཡང་བོད་མི་གྲོང་གསེབ་པ་རྣམས་ལ་མཚོན་
ན། ཟངས་གཏེར་བཞུ་སྦྱངས་བཟོ་གྲྭ་ལས་གཞན་པའི་ཉེན་བརྡ་ཞིག་ཡིན་པ་གསལ་པོ་རེད། ཉེ་ཁུལ་གྲོང་གསེབ་པ་རྣམས་ཀྱིས་འཐུང་ཆུ་འབག་བཙོག་ཤོར་བའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པ་ལས་གཞན། ད་དུང་ས་ཁུལ་དེར་རླངས་རྫས་ཀྱི་ཁྲོན་པ་ཧ་ཅང་མང་པོ་བྲུས་པའི་རྗེས་འབྲས་ངན་པ་ཁག་དང་།
དྲོད་ཁང་རླངས་རྫས་གློད་གཏོང་གི་རྗེས་འབྲས་ཁག་ནི། ཁོང་ཚོས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་གྱི་རིམ་པ་གཉིས་པ་དེ་ཆགས་རྒྱུ་རེད། ཁྲོན་པ་འབྲུ་རྒྱུའི་ཆེད་ཆེས་ཐོན་གསར་གྱི་འཕྲུལ་ཆས། ཆུ་ཤུགས་ཀྱིས་རྡོ་གས་གཏོར་གཏོང་ཐབས་ (hydraulic fracturing) བེད་སྤྱོད་གཏོང་བཞིན་ཡོད། ཕྱི་ལོ་ ༢༠༠༤ ལོ་ནས་ཨ་རིའི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལྷན་ཁང་ནས་འཕྲུལ་ཆས་འདི་བེད་སྤྱོད་བྱས་པར་ཁོར་ཡུག་ལ་དོ་ཕོག་མི་འགྲོ་བའི་ངོས་འཛིན་བྱས་ཡོད། འོན་ཀྱང་འཕྲུལ་འཁོར་འདི་རིགས་བེད་སྤྱོད་བྱས་པ་ལ་བརྟེན་ནས།         

ཨ་རིའི་ནང་འབན་རྫེན་(benzene)གཙོ་བོར་བྱས་པའི་རྫས་རིགས་ཀྱིས་འཐུང་ཆུར་བཙོག་སྐྱོན་བཏང་བའི་དོན་རྐྱེན་ཧ་ཅང་མང་པོ་བྱུང་ཡོད་པའི་སྙན་ཐོ་བཏོན་ཡོད། ས་དོང་འབྲུ་བའི་སྐབས་ཐོན་པའི་རྫས་སླད་བཙོག་ཆུ་རྣམས་རྗེས་སུ་གཙང་སེལ་ཆེད་ཁེབ་གཅོད་མེད་པའི་ས་དོང་ནང་ཉར་ཚགས་བྱེད་ཀྱིན་ཡོད། གལ་ཏེ་གཙང་སེལ་བྱ་རྒྱུ་ཕྱིར་འགྱངས་བྱུང་བའམ་ཡང་ན་སྟངས་འཛིན་སྤུས་དག་པོ་མ་བྱུང་པ་ཡིན་ན། ཆུ་དེ་དག་ནང་ཡོད་པའི་གསང་བའི་དུག་རྫས་(secret-toxic)ཀྱི་རིགས་རྣམས་ས་འོག་གི་ཆུ་རིམ་ནང་འཛུལ་ཞུགས་ཀྱི་ཉེན་ཁ་ཡོང་སྲིད་པ་ཡིན།
སྐུ་ཞབས་ཐིའོ་ཀོལ་བྷོན་(Theo Colborn)194 གྱིས་བྲིས་པའི་བདེན་དཔང་ཚིག་ཐོའ་ིནང་། ཁྲོན་པ་འབྲུ་བའི་སྐབས་ས་རྡོ་གཅོག་པའི་དོན་དུ་བེད་སྤྱོད་བྱེད་པའི་ཆུ་ལ་འཇམ་སྣུམ་ཞིག་བསྲེ་སྦྱོར་བྱས་ཏེ་བེད་སྤྱོད་བྱེད་བཞིན་པ་གསལ་སྟོན་བྱས་ཡོད། ཡིག་ཆ་འདི་ལ་ཚན་རིག་པ་དང་གཞུང་
འབྲེལ་གྱི་ཚན་པ་མང་པོས་ཆ་འཛིན་དང་གོ་བསྟུན་བྱེད་ཀྱི་ཡོད། ད་ལྟའི་རྡོ་སོལ་བེད་སྤྱོད་ཀྱིས་བཏོན་པའི་ནུས་ཤུགས་དང་བསྡུར་ན། རླངས་རྫས་ནི་དོན་དངོས་འབུད་རྫས་གཙང་མ་ཞིག་ཡིན་སྟབས། དེས་བོད་མཐོ་སྒང་གི་དྲོད་ཁང་རླངས་རྫས་གློད་གཏོང་གི་ཁྱོན་འབོར་ཉུང་དུ་གཏོང་ཐུབ་ངེས་ཡིན། འོན་ཀྱང་གཏེར་ཁ་བསྔོག་འདོན་ཟིན་པའི་རྗེས་སུ། ས་འོག་ཆུ་རིམས་བསྐྱར་གསོག་གི་དོན་དུ་འགྲོ་སོང་སྒོར་ཐེར་འབུམ་མང་པོ་གཏོང་མི་དགོས་པ་ཞིག་ཡོང་རྒྱུར།
སྔོན་ཚུད་ནས་ལས་དོན་གྱི་སྒྲོམ་གཞི་ཡོངས་རྫོགས་ལ་སྟངས་འཛིན་དང་སྣེ་ཁྲིད་ཡག་པོ་ཞིག་བྱེད་དགོས། དེས་ན་གཏེར་ཁ་བསྔོག་འདོན་སྐབས་འབག་བཙོག་ཤོར་བའི་ཆུ་ཉར་ཚགས་ཀྱི་ཆེད། དྭང་ལྕགས་ལས་གྲུབ་པའི་ཆུ་མཛོད་བེད་སྤྱོད་དང་། གཏེར་ཁ་བསྔོག་འདོན་སྐབས་འཐོབ་ངེས་ཀྱི་འཕྲུལ་རིགས་ལེགས་ཤོས་བེད་སྤྱོད་རྒྱུ། ཁོར་ཡུག་དང་འཚམ་ཞིང་ནུས་ཤུགས་སྲིད་སྤྱོད་ཐུབ་པའི་འཕྲུལ་རིགས་ཁག་བེད་སྤྱོད་བྱེད་གལ་ཆེ་བ་བཅས་སོ།། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42624 བཀླགས་འདུག