Donate

ཁོར་ཡུག་ལ་གཏོར་བཅོམ་དང་།འབྲི་ཆུ་བཞུར་མཚམས་ཆད་པ།

ཁོར་ཡུག་ལ་གཏོར་བཅོམ་དང་།འབྲི་ཆུ་བཞུར་མཚམས་ཆད་པ།

རྒྱ་ནག་གིས་བོད་ཀྱི་ས་ཆ་ཁག་ལ་གཏེར་ཁ་སྔོག་འདོན་ཚད་མེད་བྱས་པས་ཁོར་ཡུག་ལ་དོ་ཕོག་ཚད་ལས་བརྒལ་བ་བཏང་བའི་ཉེར་ལེན་ལ་བརྟེན་ནས་ད་ལྟའི་ཆར་བོད་ཡུལ་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་མི་ཉུང་བ་ཞིག་ནང་ཆུ་ལོག་དང་ས་ཡོམ་རི་ཉིལ་སོགས་ཀྱིས་གནོད་འཚེ་རྫོགས་མཐའ་མེད་པ་འབྱུང་བཞིན་པ་རེད། དེ་ཡང་ཕྱི་ལོ་༢༠༡༨ ཟླ་༡༠ པའི་ནང་ཆབ་མདོ་འཇོ་མདའ་སྤོ་ལུ་ས་ཁུལ་དུ་རི་ཉིལ་ནས་འབྲི་ཆུ་འགག་པའི་རྐྱེན་གྱིས་དེའི་ཉེ་ཁོར་དུ་གནས་པའི་བོད་མིའི་ཁྱིམ་ཚང་ཁག་མི་ཉུང་བར་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྥེལ་བ་ལྟར་ན། ཕྱི་ཟླ་༡༠ ཚེས་༡༡ ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལུ་ཤང་ཁོངས་སུ་འབྲི་ཆུའི་ཕྱོགས་གཉིས་ཀ་ནས་རི་ཉིལ་བའི་རྐྱེན་གྱིས་འབྲི་ཆུ་གཙང་པོ་འགག་ཡོད་ཅིང་། ཆུ་ཚད་ཧ་ཅང་མཐོ་པོ་ཆགས་ནས་ས་ཁུལ་དེར་ཟམ་ཆེན་གཅིག་རང་ཡོད་པ་དེ་ཆུ་འོག་ཏུ་ཚུད་པ་དང་ རི་ཁུལ་དུ་ཆགས་པའི་ཁང་པ་ཉིལ་བ།  སྡེ་བ་ཁག་གཅིག་གི་ས་ཞིང་ཕལ་ཆེ་བ་ཆུའི་ནང་འཐིམས་ཟིན་པ་སོགས་ཛ་དྲག་གི་གནས་སྟངས་ཆགས་ཡོད་འདུག འབྲི་ཆུ་གཙང་པོའི་སྟོད་སྨད་དུ་ཡོད་པའི་སྤོ་ལུ་ཤང་གི་ནང་གྲོང་སྡེ་བཞི་ཙམ་ཡོད་པ་དེའི་ནང་བོད་མི་མི་འབོར་ ༤༠༠ ལྷག་ཙམ་གནས་སྡོད་བྱེད་བཞིན་ཡོད་འདུག་པ་དང་། སློབ་ཕྲུག་གྲངས་ ༢༨༧ ཙམ་ཡོད་པ་རྒྱ་ནག་གཞུང་འབྲེལ་(CCTV) བརྙན་འཕྲིན་ལས་ཁང་གིས་བརྗོད་འདུག   རི་ཉིལ་བྱུང་ཡུལ་གྱི་བོད་མི་དེ་ཚོས་བརྗོད་དོན། ས་གནས་སུ་རང་བྱུང་གི་རྐྱེན་ངན་གོད་ཆགས་འདི་ལྟ་བུ་བྱུང་བ་ནི་གཙོ་བོ་འབྲི་ཆུ་རྒྱུགས་ཡུལ་དུ་ཆུ་རགས་རིམ་པ་བརྒྱབས་པ་དང་། དེ་བཞིན་འབྲི་ཆུའི་ཁར་བྱེ་མ་དང་གསེར་གྱི་གཏེར་ཁ་སྔོག་འདོན་ཚད་མེད་བྱས་པ་ལས་བྱུང་བའི་བསམ་ཚུལ་བརྗོད་ཡོད།

ཡང་ཡུལ་དངོས་ནས་བླངས་པའི་བརྙན་ཐུང་ཁག་ཕྱི་ཕྱོགས་ཀྱི་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་བརྒྱུད་སྤེལ་བྱས་པའི་ནང་། གཙང་པོ་འཁྱིལ་ནས་སྡོད་ཁང་ཁག་ཅིག་གཙང་པོའི་ནང་སྣུབ་ཟིན་འདུག་པ་དང་། ཡུལ་མི་ཚོས་རྒྱབ་ཏུ་ཁུར་པོ་འཁུར་ནས་ཉེན་ཡོལ་ཆེད་གནས་སྤོ་བྱེད་བཞིན་པ་དང་། བརྙན་ལེན་མཁན་གྱི་ཡུལ་མི་ཞིག་གིས་བརྙན་ལེན་བཞིན་དུ་ཁ་ནས་སྨྲེ་ངག་འདི་ལྟར་འདོན་བཞིན་འདུག“ད་དཀའ་མོ་རེད་ཚར་ཐལ། ད་ངོ་མ་དཀའ་མོ་རེད་ཚར་ཐལ”ཞེས་བརྗོད་བཞིན་འདུག ཡང་ཡུལ་དངོས་ནས་བརྙན་ལེན་མཁན་གཞན་ཞིག་གིས་“ད་ས་བརྐོ་རྡོ་སློག་སྐྲག་མོ་བཟོ་འདུག་ན་འདི་འདྲ་འོང་ལེ་རེད། གྲོགས་པོ་ཚོ། སྐྲག་མོ་བཟོ་ན་ཨེ་དགའ་མི་དགའ་ལྟོས་”ཞེས་ཡུལ་སྐད་ཐོག་ནས་བརྗོད་ཀྱི་འདུག དེ་བཞིན་གཞན་ཞིག་གིས་རི་ཉིལ་ནས་འབྲི་ཆུ་གཏན་ནས་འགྲོ་རྒྱུ་མེད་པར་འགག་འདུག ད་ལྟ་ཡང་རི་ཉིལ་བཞིན་པ་རེད་འདུག་ཅེས་བརྗོད་བཞིན་པ་སོགས་ཡུལ་དངོས་ནས་བླངས་པའི་བརྙན་ཐུང་ནང་གསལ་གྱི་འདུག བརྙན་ཐུང་ཁག་དང་ཡུལ་མི་ཚོའི་འགྲེལ་བརྗོད་དེ་དག་ལ་བརྟེན་ནས་རྒྱ་ནག་གིས་གཏེར་ཁ་སྔོག་པ་དང་ཆུ་རགས་སམ་ཆུ་མཛོད་ཚད་ལས་བརྒལ་བ་བརྒྱབས་པ་སོགས་ཁོར་ཡུག་ལ་གཏོར་བརླག་ཚབ་ཆེན་བཏང་བར་བརྟེན་ནས་བྱུང་བ་ཡིན་པ་དངོས་ཡོད་བདེན་དཔང་ར་སྤྲོད་བྱུང་བ་གསལ་པོ་ཡིན་པ་སྨོས་མི་དགོས་པ་ཞིག་རེད།།

ཐེངས་ 427974 བཀླགས་འདུག