Donate

གོ་ལའི་ཁོར་ཡུག་ལྷན་ཚོགས་སྐབས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་ཞུ་སྐུལ་གྱི་ལས་འགུལ་སྤེལ་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ་བ།

ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོགTibetan Envrionment 2 ཕྱི་དྲིལ་དྲུང་ཆེ་རྣམ་གཉིས། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་བཅས་ལྷན་འཛོམས་ཐོག ཐོག་མར་༸གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་ཐོག་དམིགས་བསལ་སྩལ་བའི་བཀའ་སློབ་བརྙན་འཕྲིན་ལམ་ནས་སྟོན་གནང་བ་དང་། དེ་རྗེས་ཕྱི་ནང་གི་གསར་འགོད་པ་རྣམས་ལ་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དགོས་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན།

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འབྱུང་འགྱུར་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ (COP21) སྐབས་ཆེད་ཕེབས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་བོད་ཀྱི་ཁོར་ཡུག་གི་གནད་དོན་ངེས་པར་དུ་གླེང་རོགས། ཞེས་འབོད་སྐུལ་ཞུ་རྒྱུ་མ་ཟད། ལྷན་ཚོགས་ནང་མོས་མཐུན་བྱུང་བའི་གྲོས་ཆོད་རྣམས་གཙིགས་ཆེར་འཛིན་ནས་ཛ་དྲག་ཐོག་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་གནང་རོགས། དེ་ཡང་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས། ང་ཚོར་སྡོད་ཁང་སའི་གོ་ལ་སྔོན་པོ་འདི་ལས་མེད། འདིའི་ཡང་ཐོག་ལ་བོད་ཆགས་ཡོད། འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་དེ་ཡང་ལྷོ་བྱང་གི་སྣེ་གཉིས་ལྟར་གལ་གནད་ཆེན་པོ་ཡིན། དེར་བརྟེན་བོད་མི་ཙམ་མིན་པར་གོ་ལ་ཁྱོན་ཡོངས་ཀྱི་ཁོར་ཡུག་གནས་སྟངས་རྒྱུན་གནས་ཐུབ་པ་ཞིག་ཡོང་སླད་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། ཞེས་བཀའ་སློབ་སྩལ་ཡོད།

Tibetan Envrionment 1ས་ཆའི་ཆགས་བབ་ཐོག་ནས་བོད་མཐོ་སྒང་གི་ཁོར་ཡུག་དེ་གནད་འགག་ཡིན། གང་ཡིན་བརྗོད་ན། འཛམ་གླིང་ཡངས་ཐོག་ཏུ་གྲགས་པའི་བོད་དེ་རྒྱ་མཚོ་ནས་ཆ་སྙོམས་རྩིས་པ་ཡིན་ན་མཐོ་ཚད་མི་ཊར་ ༤༠༠༠ ལྷག་གི་སྟེང་གནས་ཡོད་པ་མ་ཟད། ས་ཁྱོན་གྲུ་བཞི་མ་ས་ཡ་གཉིས་དང་ཕྱེད་ཀ་ཡོད་པར་བརྟེན་མཐོ་སྒང་ཆེ་ཤོས་དང་མཐོ་ཤོས་སུ་གྲགས། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། གོ་ལའི་གནམ་གཤིས་ཡག་པོ་ཡོང་བར་བོད་མཐོ་སྒང་འདི་ཧ་ཅང་གནད་འགག་ཆེ། གལ་ཏེ་ང་ཚོས་ཕྱི་བཤོལ་མེད་པར་མཐོ་སྒང་བོད་ཀྱི་སྣོད་བཅུད་རྟེན་འབྲེལ་ཧ་ཅང་ཉམས་ཆག་སླ་བ་དེ་དག་སྲུང་སྐྱོབ་ཐུབ་པ་ཡིན་ན་གོ་ལའི་གནམ་གཤིས་སྲུང་སྐྱོབ་བྱེད་ཐུབ།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ཚོགས་དྲ་རྒྱ་བརྒྱུད་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་གོ་ལའི་ཁོར་ཡུག་ལྷན་ཚོགས་སྐབས་བོད་དེ་གོ་ལའི་གནམ་གཤིས་ཀྱི་དཀའ་ངལ་སེལ་རྒྱུར་གནད་དོན་གལ་ཆེ་ཞིག་ཡིན་པར་ངོས་འཛིན་གནང་རོགས་ཞེས་འབོད་སྐུལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན། ཞེས་གསུངས།

Tibetan Envrionment 3དེ་ཡང་རྒྱ་གར་ཁོར་ཡུག་ལས་འགུལ་བ་གྲགས་ཅན་མཁས་དབང་ལྕམ་སྐུ་ཌོག་ཊར་ཝན་ད་ན་ཤི་བ་ Dr. Vandana Shiva ལགས་ཀྱིས་གསུང་དོན། མཐོ་སྒང་བོད་འདི་སྲུང་སྐྱོབ་ངེས་པར་དུ་བྱེད་དགོས། བོད་མི་ཚོར་སོ་སོའི་ས་ཆ་རང་སྲུང་བྱ་རྒྱུའི་འགན་དབང་སྤྲད་ཚེ་འཛམ་གླིང་མི་འབོར་ཕྱེད་ཙམ་གྱི་འཚོ་གནས་དང་འབྲེལ་བའི་མཐོ་སྒང་བོད་དེ་བདག་གཅེས་ཡག་པོ་བྱེད་ཐུབ། བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་གོ་ལའི་གནམ་གཤིས་ལ་ཉེན་བརྡ་གཏོང་གནང་མཛད་བཞིན་ཡོད། དེར་བརྟེན་ང་ཚོས་ཐེངས་འདིར་རྒྱལ་སྤྱིའི་དབུ་ཁྲིད་རྣམས་པེ་རི་སིར་འདུ་འཛོམས་སྐབས་འཛམ་གླིང་ཡང་སྟེང་གི་གནམ་གཤིས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུ་དགོས། འབོད་སྐུལ་གྱི་ལས་འགུལ་འདིར་རྒྱབ་སྐྱོར་གང་ཐུབ་གནང་དགོས། ཞེས་གསུངས། ལྷོ་བྱང་གི་སྣེ་གཉིས་ཕུད་སྣེ་གསུམ་པ་དེ་བོད་མཐོ་སྒང་འདི་ཡིན།

མཐོ་སྒང་བོད་ནི་འཛམ་གླིང་ནང་འཁྱགས་རོམ་གྲངས་ ༤༦༠༠༠ ལྷག་ཡོད་སྟབས་འཁྱགས་རོམ་མང་ཤོས་གསུམ་པར་གྲགས་ཤིང་། འཛམ་གླིང་ནང་འཐུང་ཆུའི་ཆུ་མཛོད་ཆེ་ཤོས་ཡིན་པ་མ་ཟད། གཏན་འཇགས་འཁྱགས་རོམ་དང་འཁྱགས་རོམ་གྲངས་ཚད་ཧ་ཅང་རྒྱ་ཆེ་བས་ཨེ་ཤི་ཡའི་གླིང་ཆེན་གྱི་རྒྱུག་ཆུ་ཆེ་ཤོས་དྲུག་གི་ཆུ་སྒོ་ཆགས་ཏེ། འཛམ་གླིང་མི་འབོར་གསུམ་ཆ་གཅིག་གི་འཚོ་རྟེན་དུ་གྱུར་ཡོད། འོན་ཀྱང་དེང་སྐབས་བོད་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཧ་ཅང་དངོས་གསལ་དོད་པོ་ཆགས་ཡོད། ཉེ་ལམ་བོད་ཀྱི་གནམ་གཤིས་ཀྱི་དྲོད་ཚད་འཕར་བ་དེ་ཇེ་ཆེར་ཕྱིན་ནས་རོབ་རྩིས་བྱས་ན་ལོ་བཅུ་རེའི་མཚམས་སུ་དྲོད་ཚད་ 0.3 རྒྱས་བཞིན་ཡོད། དེར་བརྟེན་འདས་པའི་ལོ་ངོ་ ༥༠ ནང་བོད་ཀྱི་གནམ་གཤིས་དྲོད་ཚད་ 1.3 degrees Celsius ཆེ་རུ་ཕྱིན་ཡོད། དེ་ནི་གོ་ལ་སྤྱིའི་གནམ་གཤིས་ཚ་དྲོད་རྒྱས་པའི་ཆ་སྙོམས་ཀྱི་གྲངས་ཚད་དང་བསྡུར་བ་ཡིན་ན་ལྡབ་གསུམ་གྱི་ཆེ་བ་ཡོད།

Tibetan Envrionment 4གོ་ལའི་གནམ་གཤིས་འགྱུར་ལྡོག་ཕྱིན་པ་དེས་མཐོ་སྒང་བོད་ཀྱི་འཁྱགས་རོམ་མྱུར་ཚད་ཆེན་པོའི་ཐོག་བྲི་བ་དང་། གཏན་འཇགས་འཁྱགས་རོམ་ཉམས་ཆག་ཤུགས་ཆེ་འགྲོ་བཞིན་པ། དེ་བཞིན་རྩ་ཐང་རྣམས་རིམ་བཞིན་བྱེ་སར་འགྱུར་བཞིན་ཡོད། འདས་པའི་ལོ་ ༥༠ རིང་བོད་ཀྱི་འཁྱགས་རོམ་བརྒྱ་ཆ་ ༨༢ ཉུང་དུ་སོང་བ་མ་ཟད། ཕྱི་ལོ་ ༢༠༥༠ ལོར་བོད་ཀྱི་འཁྱགས་རོམ་ད་ཡོད་ལས་གསུམ་ཆ་གཉིས་ཉུང་དུ་སོང་ནས་རྩ་མེད་དུ་འགྲོ་སྲིད། གོ་ལའི་གནམ་གཤིས་ལ་ཧ་ཅང་གལ་ཆེ་བའི་གཏན་འཇགས་འཁྱགས་རོམ་གྱི་གནས་སྟངས་ཛ་དྲག་ཅན་དུ་གྱུར་ཡོད། བོད་མཐོ་སྒང་ལ་མཚོན་ན་གཏན་འཇགས་འཁྱགས་རོམ་གྱི་ནག་རྫས་སམ་ carbon ཀར་བོན་ཚད་གཞི་ཊོན་ས་ཡ་ ༡༢༣༠༠ ཉར་ཚགས་བྱེད་བཞིན་ཡོད། གཏན་འཇགས་འཁྱགས་རོམ་དེ་རིགས་ཀྱི་བརྒྱ་ཆ་བཅུ་འདས་པའི་ལོ་བཅུའི་ནང་ཉམས་ཆག་ཕྱིན་ཡོད། དེ་བཞིན་བོད་ཀྱི་རྩ་ཐང་རྣམས་མྱུར་ཚད་ཧ་ཅང་ཆེན་པོས་བྱེ་སར་འགྱུར་བཞིན་ཡོད། དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ལྟར་ན། བོད་ཀྱི་རྩ་ཐང་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ ༢༣༣༠ ལོ་རེ་བཞིན་བྱེ་སར་འགྱུར་བཞིན་ཡོད། དེ་ཡང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། བོད་མི་ཚོར་སོ་སོའི་ལུང་པའི་དཀའ་ངལ་ཐོག་བསམ་ཚུལ་ཤོད་རྒྱུའི་ཐོབ་ཐང་ཡོད། ཅེས་གསུངས། ཕྱོགས་མཚུངས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཡོད་ཀྱང་དཀའ་ངལ་དེ་དག་སེལ་རྒྱུར་ཆབ་སྲིད་ཀྱི་ཆོད་སེམས་དང་ལག་ལེན་དགོས། ཅེས་གསུངས། ཐེངས་འདིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཁོར་ཡུག་ལྷན་ཚོགས་སྐབས་གྲོས་མཐུན་གསར་པ་ཞིག་གཏན་འབེབས་ཀྱིས་ལག་བསྟར་ཐོག་ནས་ཡར་རྒྱས་འགྲོ་ཐུབ་དགོས། གྲོས་མཐུན་དེ་དག་ལ་སྲིད་གཞུང་ཚང་མས་ཕྱི་གསལ་ནང་གསལ་དང་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་དགོས། པེ་རི་སིར་ལྷན་ཚོགས་ནང་ཆེད་ཕེབས་དབུ་ཁྲིད་རྣམ་པས་བོད་མཐོ་སྒང་དེ་གོ་ལའི་གནམ་གཤིས་ཡག་པོ་ཡོང་བར་ཧ་ཅང་གལ་ཆེ་ཡིན་པར་ངོས་འཛིན་ཐོག ལྷན་ཚོགས་སྐབས་བརྗོད་གཞི་གཙོ་བོར་བཞག་ནས་གོ་ལའི་གནམ་གཤིས་སྲུང་སྐྱོབ་ཆེད་གྲོས་ཆོད་ཤུགས་ཆེན་པོ་ཞིག་འཇོག་ཐབས་གནང་དགོས། ཞེས་འཁོད་འདུག

དེ་ཡང་ཐེངས་འདིའི་གསར་འགོད་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༣༠ ནས་ཕྱི་ཟླ་ ༡༢ ཚེས་ ༡༡ བར་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ Paris ནང་རྒྱལ་ཁབ་ ༡༩༤ ཀྱི་དབུ་ཁྲིད་དང་སྐུ་ཚབ་སོགས་ཁྱོན་གནད་ཡོད་མི་སྣ་ ༤༠༠༠༠ ལྷག་ལྷན་འཛོམས་ཐོག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་ཆེ་ཤོས་ཡོངས་གྲགས་སུ་ COP21 ཞེས་པ་དེ་འཚོགས་རྒྱུ་ཡིན་པ་དང་།

སྐབས་དེར་གོ་ལའི་ཚ་དྲོད་རྒྱས་བཞིན་པ་སོགས་གནམ་གཤིས་འགྱུར་ལྡོག་ལ་བརྟེན་པའི་དཀའ་ངལ་རྣམས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པ་དེ་དག་མཚམས་འཇོག་སླད་དོམ་དམ་གྱི་ཁྲིམས་སྒྲིག་ནུས་པ་ལྡན་པ་ཞིག་གཏན་འབེབས་ལག་བསྟར་ཐུབ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་འདུག གོ་སྐབས་དམ་འཛིན་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་གོ་ལའི་ལྷན་ཚོགས་སྐབས་འཛམ་གླིང་ཡངས་ཐོག་ཏུ་གྲགས་པ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིནའདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་དྲངས།

ཐེངས་ 42285 བཀླགས་འདུག