Donate

གླང་ཆེན་གྱི་མཆེ་བ་ནག་ཚོང་རྒྱག་མཁན་གྱི་རྒྱ་མོ་ཞིག་ལ་ཁྲིམས་ཆད།

༢༠༡༩ ཟླ་༢ ཚེས ༢༠ ཉིན་བོད་ཀྱི་བང་ཆེན་གསར་ཁང་གིས་བརྗོད་དོན་ལྟ་ན།  ཟླ་འདིའི་ཚེས་༡༩ ཉིན་ཨ་ཧྥི་རི་ཀའི་ཏན་ཛན་ཡན་དུ་གནས་སྡོད་བྱས་པའི་ཡང་ཧྥིང་གྷི་ལན་ཞེས་པའི་རྒྱ་མོ་ཞིག་གིས་གླང་ཆེན་མཆེ་བ་ཏྲོན་༢ ལ་ཉེ་བ་ནག་ཚོང་བརྒྱབ་པས། ཏན་ཛན་ཡའི་ཁྲིམས་ཁང་གིས་མི་ལོ་༡༥ རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༥ ལོའི་ཟླ་༨ ནང་ཏན་ཛེན་ནི་ཡན་གྱི་མི་གཉིས་དང་མཉམ་དུ་༢༠༠༠ ནས་༢༠༠༤ བར་ཌོ་ལར་ས་ཡ་༥.༦ ལྷག་གི་རིན་ཐང་ལྡན་པའི་གླང་ཆེན་མཆེ་བ་༨༦༠ ནག་ཚོང་བརྒྱབ་པའི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱས་འདུག་ཀྱང་དེ་དུས་ཁོང་ཚོས་ཁས་ལེན་བྱས་མེད་འདུག འོན་ཀྱང་ཁ་སང་ཏན་ཛེན་ཡན་གྱི་ཁྲིམས་ཁང་གིས་མོ་ལ་ལོ་༡༥ རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་སྐབས་དེར་རྒྱ་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རྒྱ་ནག་ནང་ལའང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁྲིམས་གཅིག་མཚུངས་ཡོད་པ་དང་སུས་དེ་ལ་རྩིས་མེད་བཏང་ཡང་ཁྲིམས་ལྟར་འགྲོ་དགོས་པར་བརྗོད་དེ་དགག་བྱ་གང་ཡང་བྱས་མི་འདུག

ཏན་ཛེན་ཡན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཚོགས་པས་གཞུང་གི་བྱེད་སྟངས་ལ་བསྔགས་བརྗོད་བྱས་འདུག་ཀྱང་ཁྲིམས་ཡང་དྲགས་པའི་སྐྱོན་འཛུགས་ཀྱང་བྱས་འདུག

ཚོགས་པ་དེས་ཞིབ་འཇུག་བྱས་པ་བརྒྱུད་༢༠༠༩ ནས་༢༠༡༤ བར་གླང་ཆེན་༡༡༠,༠༠༠ནས་༤༣,༠༠ ལྷག་ཉུང་དུ་ཕྱིན་པ་ནི་ཨེ་ཤི་ཡའི་རྒྱལ་ཁབ་རྒྱ་ནག་དང་ཝེ་ཏི་ནམ་སོགས་ལ་རིན་ཆེན་གྱི་རྒྱན་ཆ་བཟོ་རྒྱུའི་ཆེད་དུ་ནག་ཚོང་རྒྱག་མཁན་ཚོས་ཨ་ཧྥི་རི་ཀ་ནས་རི་སྐྱེས་སྲོག་ཆགས་བསད་ནས་ནག་ཚོང་དབོར་འདྲེན་བྱས་པའི་རྐྱེན་ཡིན་ཚུལ་བརྗོད་འདུག

༢༠༡༦ ནང་རྒྱ་མི་གཉིས་ལ་གླང་ཆེན་མཆེ་བ་ནག་ཚོང་བརྒྱབ་པའི་རྐྱེན་གྱིས་ལོ་༣༥ ཁྲིམས་ཐག་བཅད་ཡོད་པ་དང་། ༢༠༡༥ ནང་རྒྱ་མི་༤ ལ་བསེ་རུ་བསད་དེ་ནག་ཚོང་བརྒྱབ་པའི་ཉེས་མིང་གྱིས་ལོ་༢༠ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཉེན་རྟོག་པས་ཞིབ་འཇུག་བྱས་པ་བརྒྱུད་ད་ཐེངས་ཀྱི་ལོ་ན་༦༩ ཡིན་པའི་རྒྱ་མོ་དེ་ཏན་ཛེན་ཡའི་ལུང་པའི་ནང་དུ་༡༩༧༠ ནས་ཨ་ཧྥི་རི་ཀའི་ནང་གི་རྒྱ་ནག་གི་ཚོང་དོན་ཚོགས་པ་ཞིག་གི་དྲུང་ཡིག་བྱེད་ཀྱི་ཡོད་པ་དང་མོ་རང་ལ་ཟ་ཁང་ཞིག་ཡོད་པར་ཤེས་རྟོགས་བྱུང་འདུག །

source by:http://bangchen.net

ཐེངས་ 427270 བཀླགས་འདུག