དུག་རྫས་རིགས་ཀྱིས་ཁོར་ཡུག་འབག་བཙོག་དང་གནོད་འཚེ།
ཁོར་ཡུག་འབག་བཙོག་བཟོ་མཁན་ཤུགས་ཆེ་ཆུང་འདྲ་མིན་ཡོད་པའི་དུག་རྫས་དངོས་པོ་རིགས་དེ་དག་རང་བཞིན་གྱིས་འཕེལ་རྒྱས་ཡོང་གི་ཡོད་པ་དང༌། དུག་རྫས་དེ་དག་བཟོ་སྐྲུན་དང༌། བྱ་བའི་བརྒྱུད་རིམ། འགྲེམས་སྤེལ་དང་བེད་སྤྱོད། དེ་བཞིན་སྙིགས་དོར་བྱས་པ་དེ་དག་གིས་འགྲོ་བ་མིའི་འཕྲོད་བསྟེན་དང་ཁོར་ཡུག་ལ་དོན་མེད་ཉེན་ཁ་བཟོ་ཡི་ཡོད་ལ། དུག་རྫས་དངོས་པོ་དེ་དག་ཕལ་ཆེ་བ་བཅོས་མའི་རྫས་འགྱུར་ཡིན་ཞིང༌། དེ་དག་ཁོར་ཡུག་ནང་འཛུལ་རྗེས་དུས་ཡུན་རིང་པོ་གནས་ཀྱི་ཡོད་པ་མ་ཟད། ལྷག་པར་གནོད་སྐྱོན་ཅན་གྱི་དུག་རྫས་དངོས་པོ་ཤུགས་ཆེ་བའི་རིགས་དེ་དག་རྫས་སྦྱོར་བཟོ་གྲྭའི་རིགས་ཀྱི་འབག་བཙོག་གཡུག་སའི་ས་ཆ་ནས་ཡོང་གི་ཡོད། གལ་སྲིད་དུག་རྫས་དངོས་པོ་དེ་རྣམས་ས་དང༌། ཆུ་ཕྲན། རྒྱ་མཚོ། རླུང་ཁམས་སོགས་ཀྱི་ནང་དུ་ཐིམ་པ་ཡིན་ན་དེས་འབྱུང་ཁམས་ལ་བཙོག་པ་བཟོ་བ་མ་ཟད། སྐྱེ་དངོས་རྩི་ཤིང་དང༌། སྟོན་ཐོག སྒོ་ཕྱུགས་སེམས་ཅན། རི་སྐྱེས་སྲོག་ཆགས་སོགས་ལ་གནོད་འཚེ་དང༌། ལྷག་པར་དུ་འགྲོ་བ་མི་ལ་གནོད་འཚེ་ཚབས་ཆེན་བཟོ་ཞིང༌། དཔེར་ན་མའི་མངལ་ནས་ཐོག་མར་སྐྱེས་པའི་ཕྲུ་གུ་དབང་པོ་སྐྱོན་ཅན་དང༌། ཕྲུ་གུ་ཤོར་བ། དབང་པོ་སོགས་ལ་ན་ཚ་ཡོང་རྐྱེན་ཆགས་ཀྱི་ཡོད། མི་ཕལ་ཆེ་བའི་དཀའ་ངལ་དང་ཉེན་ཁ་དེ་ཚོ་ཧ་གོ་ཡི་ཡོད་ནའང་གནས་སྐབས་ཀྱི་བདེ་བ་དང་འདོད་རྔམ་ལ་དམིགས་ཏེ་དེ་དག་ཉུང་དུ་འགྲོ་ཡི་ཡོད་པ་མ་རེད།
ད་དུང་འཛམ་གླིང་ནང་ཉེ་བའི་ལོ་ ༡༥ རིང་བཅོས་མའི་རྫས་འགྱུར་བདུན་ཁྲི་ལྷག་བཟོ་སྐྲུན་བྱས་ཤིང༌། ལོ་རེའི་ནང་དེའི་རིགས་ལྔ་བརྒྱ་ནས་ཆིག་སྟོང་བར་གསར་པ་བཟོ་བཞིན་ཡོད་པ་རེད་ལ། དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ནས་བཟུང་འཛམ་གླིང་རྒྱལ་ཁབ་འགའ་ཤས་ནང་སྔར་བྱུང་མྱོང་མེད་པའི་ཚན་རིག་དང༌། བཟོ་ལས་ཡར་རྒྱས་ཆེན་པོ་ཕྱིན་ཅིང༌། ལྷག་པར་སྔོན་ཐོན་དང་ཡར་རྒྱས་འགྲོ་བཞིན་པའི་འབྱོར་ལྡན་ཨ་རི་དང༌། ཉི་ཧོང༌། ཡོ་རོབ་སོགས་ཀྱི་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་ལ་བརྟེན་ནས་རྡུལ་ཕྲན་དང་དུག་རྫས་རིགས་ཀྱི་བཟོ་གྲྭ་ཆེས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང༌། དུག་རླངས་གིས་རླུང་ཁམས་བཙོག་པ་བཟོས་ཤིང༌། བཟོ་གྲྭའི་འབག་བཙོག་རིགས་རྒྱ་མཚོ་དང་གཙང་པོའི་ནང་ཤོར་བ་སོགས་ཀྱི་རྐྱེན་པས་ཡུལ་དེ་དག་ནང་འགྲོ་བ་མིའི་འཚོ་གནས་དང་བདེ་ཐང་ལ་འགན་བློས་མི་བཟོད་པའི་དཀའ་སྡུག་འཕར་མ་འཕྲད་ཡོད་པ་དང༌། དེ་ཡང་ཕྱི་ལོ་ ༡༩༣༠ ཙམ་ནས་ཕྱི་ལོ་ ༡༩༦༥ ཙམ་གྱི་བར་ལ་མི་གྲངས་ཆིག་ཁྲི་ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང༌། མི་གྲངས་སྟོང་ཕྲག་མང་པོ་ནད་པ་ཆགས་ཤིང༌། འགའ་ཤས་དབང་པོ་སྐྱོན་ཅན་ཆགས་ཏེ་ཚེ་གང་བདེ་སྐྱིད་ཀྱི་འཚོ་གནས་འཕྲོགས་པ་སོགས་བྱུང་ཡོད་པས། གོང་གསལ་འདི་དག་ནི་དུག་རྫས་རིགས་ཀྱི་གནོད་སྐྱོན་འོག་འཛམ་གླིང་ནང་ཁོར་ཡུག་འབག་བཙོག་གི་རྐྱེན་པས་ཁོར་ཡུག་གི་དོན་རྐྱེན་ཆེ་ཤོས་ཐོག་མ་དེ་ཆགས་པར་ངོས་འཛིན་བྱེད་ཀྱི་ཡོད།
ཕྱི་ལོ་ ༡༩༨༠ ཙམ་ནས་བཟོ་གྲྭ་འཕེལ་རྒྱས་ཕྱིན་པའི་རྒྱལ་ཁབ་རྣམས་ཀྱིས་རྡུལ་ཕྲན་དང་དུག་རྫས་ལས་གྲུབ་པའི་དངོས་པོ་དང་ཞ་ཉེ་ལ་སོགས་པའི་དུག་ཤེད་ཅན་གྱི་རྫས་སྦྱོར་བཟོ་སྐྲུན་ཉུང་དུ་བཏང་བའི་ཐོག་རླུང་ཁམས་སྤུས་ཚད་ཡར་རྒྱས་བཏང་ཡོད་མོད། འོན་ཀྱང་རྫས་འགྱུར་གསོག་འཇོག་གི་སྔོན་འགྲོའི་རྫས་རིགས་དྲི་ངན་དུག་ཤེད་ཅན་གྱི་རླངས་གཟུགས་དང༌། དྲི་མངར་ཅན་གྱི་རླངས་གཟུགས་གཉིས་ད་དུང་མུ་མཐུད་ནས་གནས་མུས་ཡིན། དེ་བཞིན་རླུང་ཁམས་འབག་བཙོག་གཙོ་བོ་ཤར་ཕྱོགས་ཡུ་རོབ་དང་སྔར་གྱི་ཨུ་རུ་སུའི་ཁུལ་ལ་མང་བ་འོང་གི་ཡོད་པ་མ་ཟད། སྔར་གྱི་ཨུ་རུ་སུའི་བརྒྱ་ཆ་ ༡༥ ཙམ་ལ་མིའི་འཕྲོད་བསྟེན་དང༌། སོ་ནམ་ཞིང་ལས། ཁུལ་དེའི་སེམས་ཅན་དང་རྩི་ཤིང་བཅས་ལ་མངོན་གསལ་དོད་པོས་རྒྱ་ཁྱབ་ཀྱི་ཉེན་ཚབས་ཆགས་ཡོད་པ་རེད།།
ཐེངས་ 42288 བཀླགས་འདུག