Donate

འཛམ་གླིང་སྤྱི་དང་བྱེ་བྲག་བོད་ནང་གི་ཁོར་ཡུག་དོ་ཕོག་གི་ཉེར་ལེན་ལ་བརྟེན་ནས་བྱུང་བའི་འབྱུང་བཞིའི་གནོད་པ་ལོ་རེ་བཞིན་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་པ།

བོད་ཀྱི་དུས་བབས་གསར་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། ཕྱི་ལོ་༢༠༡༨ ཟླ་ ༧ ཚེས་ ༡༡ ཉིན་གྱི་ཞོགས་པ་བོད་ནང་གི་ཆུ་ཚོད་ ༧།༥༠ ཙམ་གྱི་ཐོག རྔ་བ་ཁུལ་ཁྱུང་མཆུ་རྫོང་ལྷ་རྒྱལ་གླིང་གྲོང་བརྡལ་གྱི་རི་ཉིལ་བྱུང་སྟེ་གཞུང་ལམ་རྦད་དེ་བཀག་ཡོད་པ་དང་། ས་གནས་སྲིད་གཞུང་གིས་གཞུང་ལམ་དེའི་བརྒྱུད་དུ་རི་ཉིལ་བའི་གནས་ཚུལ་མུ་མཐུད་བྱུང་གི་ཡོད་པས་གནས་སྐབས་རིང་འགྲུལ་བའི་འགྲོ་འོང་བཀག་ཡོད་སྐོར་བསྒྲགས་འདུག།

དྲག་ཆར་མུ་མཐུད་བབ་ཀྱི་ཡོད་པས་རྐ་ཆུ་དང་རྨེ་ཆུ་ཆེན་པོ་རྒྱས་ནས་ཆུ་ལོག་བྱུང་དང་འབྱུང་བཞིན་ཡོད་སྟབས། ཉེ་འགྲམ་གྱི་གྲོང་ཚོ་དང་འབྲོག་སྡེ་རྣམས་ལ་སེམས་འཚབ་ཆེན་པོ་ཡོང་བཞིན་འདུག ཁྱུང་མཆུའི་འབྲོག་པ་གསང་བདག་གིས་རྐ་ཆུའི་ཉེ་འགྲམ་དུ་སྦྲ་གུར་ཕུབ་སྟེ་ཚོང་ཁང་ཞིག་སྒོ་ཕྱེས་ཡོད་པ་དང་། ཉིན་དེའི་མཚན་གུང་སྦྲ་གུར་ནང་ཆུ་ལོག་བྱུང་སྟེ་གློ་བུར་དུ་གཉིད་སད་པ་དང་། དེ་མ་ཐག་རྨོ་ལགས་འཁྲིད་ནས་ཕར་ཕྱོགས་ཀྱི་རི་ངོས་སུ་བྲོས་ཕྱིན་སྐོར་དང་།  ཞོགས་པ་ནམ་ལངས་དུས་སྦྲ་གུར་ཆུས་ནུབ་ནས་ཚོང་རྫས་མང་ཆེ་བ་འཕྲོ་བརླག་ཏུ་ཕྱིན་ཡོད་པ་དང་། ཉེ་འགྲམ་གྱི་འབྲོག་ཁྱིམ་འགའ་ཤས་ལ་ཅ་དངོས་རྩ་ཆེན་མང་པོ་ཆུས་འཁུར་བ་དང་འཕྲོ་བརླག་ཏུ་ཕྱིན་ཡོད་སྟབས། ཁོའི་ཚོང་རྫས་ཙག་ཙིག་འཕྲོ་བརླག་ཏུ་ཕྱིན་པ་དེ་གྱོང་གུད་ཆུང་ཆུང་ཡིན་ལུགས་བརྗོད་འདུག། བོད་ནང་ནས་ཁུངས་ལྡན་གནས་ཚུལའབྱོར་བ་ལྟར་ན། ཉིན་གྲངས་མང་པོར་སི་ཁྲོན་རྔ་བ་ཁུལ་གྱི་རྫོང་ཁག་མང་པོའི་ནང་དྲག་ཆར་བསྟུད་མར་བབ་ཀྱི་ཡོད་པར་བརྟེན། རྔ་བ་རྫོང་དང་ཁྱུང་མཆུ་རྫོང་། མཛོད་དགེ་རྫོང་། ཟུང་ཆུ་རྫོང་། ཁྲོ་ཆུ་རྫོང་། ཝུན་ཁྲོན་རྫོང་བཅས་ཀྱི་ཡུལ་ཚོ་མང་པོའི་ནང་ཆུ་ལོག་བྱུང་སྟེ་ཁྱིམ་ཚང་གི་ཁང་པ་རྡིབ་པ་དང་། ཟམ་པ་ཆུས་འཁུར་བ། ཞིང་ས་ཆུས་ནུབ་པ་དང་། དེ་བཞིན་རི་ཉིལ་ཏེ་གཞུང་ལམ་བཅད་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

ཉེ་བའི་ཉིན་ཤས་རིང་བོད་ཁུལ་གྱི་ས་ཆ་ཁག་ཅིག་གཙོའི་འཛམ་གླིང་གི་ཡུལ་ཕྱོགས་མང་སར་ཆུ་ལོག་བྱུང་སྟེ་འབྱུང་བའི་གནོད་སྐྱོན་ཆེན་པོ་སྤྲོད་ཀྱི་ཡོད་འདུག། ཉིན་དེའི་མཚན་མོར་རྔ་ཁུལ་མཛོད་དགེ་རྫོང་གི་ཉེ་འགྲམ་དུ་ཡོད་པའི་གླིང་དཀར་སྡེ་བར་རྨེ་ཆུ་རྒྱས་ཏེ། ཆུ་རགས་ཀྱིས་མ་ཁོག་པར་གྲོང་སྡེ་ཚང་མ་ཆུས་ཁེངས་ནས་ཡུལ་མི་ཚོ་རང་ཁྱིམ་ནས་ཡུལ་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་མ་ཟད། ཁྱིམ་ཚང་གི་རྒྱུ་དངོས་སོགས་གཅིག་ཀྱང་ལེན་མ་ཐུབ་པར་དཔལ་འབྱོར་ཐད་གྱོང་གུད་ཆེན་པོ་ཐེབས་ཡོད་འདུག།

བོད་ཀྱི་དུས་བབས་གསར་འགོད་པར་ཕ་ཡུལ་མཛོད་དགེ་ནས་ཡིན་པའི་འབྲེལ་ཡོད་ཅིག་གིས། མདང་ནུབ་ངའི་གྲོང་སྡེ་ཆུས་ནུབ་ཐལ། མཚན་མོའི་ཆུ་ཚོད་ ༡ ཙམ་གྱི་སྟེང་གྲོང་སྡེའི་མཐའ་སྐོར་དུ་ཆུ་རགས་བརྒྱབ་ཡོད་པ་འཐོར་ནས་གློ་བུར་དུ་ཆུ་གྲོང་སྡེའི་ནང་དུ་ཤོར་སོང་སྟབས། ང་ཚོར་གོན་པ་གྱོན་ཁོམ་ཀྱང་ཡོད་མེད་ཀྱིས་ཉེ་འགྲམ་དུ་ཡོད་པའི་རི་ངོས་སུ་བྲོས་ཕྱིན་པ་དང་། ཆུ་ལོག་ཧ་ཅང་ཆེན་པོ་བརྒྱབས་པའི་རྐྱེན་གྱིས་གྲོང་སྡེ་ཚང་མ་ཆུས་ཁེངས་སོང་བས་ཅ་ལག་སོགས་གཅིག་ཀྱང་ལོན་མ་སོང་། ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

ཡང་ཁོས་གིས་ཁ་སང་རྫོང་གི་དམག་མི་ ༡༠༠ ལྷག་ཙམ་དང་སྟག་ཚང་དགོན་པའི་གྲྭ་བ་མང་པོས་རོགས་སྐྱོར་ཧ་ཅང་ཡག་པོ་བྱས་ཏེ། ཆུ་རགས་ཆེན་པོ་ཞིག་བརྒྱབས་ཡོད་ན་ཡང་མདང་ནུབ་ཆུ་རགས་འཐོར་སོང་བས་ཐབས་ཤེས་གང་ཡང་མེད་པ་ཆགས་སོང་། རྫོང་སྲིད་གཞུང་གི་ངོས་ནས་རོགས་པ་ཡག་པོ་བྱེད་ཀྱི་འདུག་ལ། སླད་མར་རོགས་པ་ག་རེ་དགོས་ན་བྱ་དགོས་ཞེས་བརྗོད་སོང་ལ། རྫོང་གི་འཕྲོད་བསྟེན་ཚན་པ་སོགས་ཡོང་ནས་རོགས་རམ་བྱེད་ཀྱི་འདུག ཅེས་ཟེར།་ གླིང་དཀར་སྡེ་བ་ནི་མཛོད་དགེ་རྫོང་གི་ཉེ་འགྲམ་གྱི་རྨེ་ཆུའི་ཕར་ཁ་རུ་ཆགས་ཡོད་པ་དང་། སྡེ་བ་ཆགས་ས་རྨེ་ཆུའི་ཁུག་མགོ་ཞིག་ཡིན་པའི་རྐྱེན་གྱིས་ལོ་ལྟར་ཆར་ཞོད་ཀྱིས་རྨེ་ཆུ་རྒྱས་ཡོང་སྐབས་ཆུ་གྲོང་སྡེའི་ནང་བླུགས་ཡོང་གི་ཡོད་འདུག ལོ་སྔོན་མར་ཡང་གྲོང་སྡེའི་ནང་རྨེ་ཆུ་རྒྱས་པའི་ཆུ་ལོག་བྱུང་སྟེ་ཡུལ་མི་ཚོའི་རྒྱུ་ནོར་ལ་གྱོང་གུད་ཆེན་པོ་ཐེབས་ཡོད་འདུག། ད་ལྟའི་ཆར་མཛོད་དགེ་རྫོང་གཅིག་པུ་ཙམ་མ་ཡིན་པར་རྔ་བ་ཁུལ་གྱི་རྔ་བ་རྫོང་དང་ཁྱུང་མཆུ་རྫོང། ཟུང་ཆུ་རྫོང་། ཁྲོ་ཆུ་རྫོང་། ཝུན་ཁྲོན་རྫོང་། འཛམ་ཐང་རྫོང་། མའོ་རྫོང་། དེ་བཞིན་དཀར་མཛེས་ཁུལ་གྱི་དཀར་མཛེས་རྫོང་དང་ལྕགས་ཟམ་རྫོང་། རོང་བྲག་རྫོང་སོགས་སུ་དྲག་ཆར་རྐྱེན་གྱིས་ཆུ་བོ་རྒྱས་པ་དང་། རི་བྲག་ཉིལ་བ། ཁང་པ་དང་ཟམ་པ་རྡིབ་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད། དེ་བཞིན་ཉི་ཧོང་དང་ཐའེ་ཝན། ཨ་རི། རྒྱ་དཀར་ནག་སོགས་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་བསྟུད་མར་དྲག་ཆར་བབ་སྟེ་འབྱུང་བའི་གནོད་སྐྱོན་ཆེན་པོ་ཡོང་བཞིན་ཡོད་འདུག ཉེ་ཆར་ཉི་ཧོང་ནང་ཆུ་ལོག་བྱུང་ནས་མི་གྲངས་ ༢༠༠ ལྷག་རྐྱེན་འདས་སུ་ཕྱིན་པ་དང་། རྒྱ་ནག་ཧི་ནན་ཞིང་ཆེན་སོགས་སུ་ཆུ་ལོག་བྱུང་སྟེ་མི་གྲངས་ ༥༠ རྐྱེན་འདས་སུ་སོང་ཡོད་འདུག།  དེ་བཞིན་ཐའེ་ཝན་མཚོ་གླིང་དང་རྒྱ་གར་གྱི་མཱམ་བྷེ། ཨ་རིའི་ལྷོ་བརྒྱུད་ཀྱི་ནཱེ་ཝ་དྷ(Nevada)མངའ་སྡེ་སོགས་སུ་ཆུ་ལོག་ཆེན་པོ་བྱུང་ནས་གནམ་གྲུ་སོགས་འཕུར་མཚམས་འཇོག་དགོས་བྱུང་ཡོད་ཀྱང་། ད་ལྟའི་ཆར་མི་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་གོ་ཐོས་མི་འདུག།།

ཐེངས་ 42314 བཀླགས་འདུག