Donate

སོག་རྫོང་རྒྱལ་ཆེན་ཡུལ་ཚོ་རུ་ཆུ་ལོག་བརྒྱུགས་ནས་ས་གནས་བོད་མི་ཚོའི་སྡོད་ཁང་དང་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཐེབས་ཡོད་འདུག

སོག་རྫོང་ནས་ཡིན་པའི་བོད་མི་ཞིག་གིས་གནས་ཚུལ་འགྲེལ་བརྗོད་གནང་གསལ་ལྟར་ན། ཉེ་ཆར་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༦ ཉིན་གྱི་དགོང་མོར་ཁམས་སོག་རྫོང་གཅུང་པ་རྒྱལ་ཆེན་ཡུལ་ཚོའི་གྲོང་ཚོ་ལྔ་པའི་ནང་ཆུ་ལོག་ཆེན་པོ་ཞིག་བརྒྱབ་ཏེ། མི་ཚང་བཞིའི་སྡོད་ཁང་ཆུས་ཁྱེར་ཡོད་པས་མ་ཚད།

ཆུ་ལོག་གིས་གྲོང་མིའི་ཁང་པར་གཏོར་སྐྱོན་བཟོས་པ།

སྡོད་ཁང་མང་པོ་ཞིག་ལ་གནོད་སྐྱོན་ཚབས་ཆེན་བཏང་ཡོད་འདུག དེའི་སྐོར་སོག་རྫོང་རྒྱལ་ཆེན་ཡུལ་ཚོའི་གྲོང་ཚོ་ལྔ་པའི་འགོ་ཁྲིད་ཡར་འཕེལ་ལགས་ཀྱིས། “ཆུ་ལོག་བརྒྱབ་ནས་གྲོང་མིའི་སྡོད་ཁང་བཞི་ཆུས་ཁྱིར་ཚར་བ་དང་། ཁང་པ་གཞན་མང་པོར་གནོས་སྐྱོན་ཆེན་པོ་ཐེབས་སོང་། ཡུལ་མི་རྣམས་སེམས་ཁྲལ་ཆེན་པོའི་ངང་གནས་འདུག ས་གནས་ཀྱི་དགོན་པའི་གྲྭ་མང་ནས་རོགས་རམ་ཧ་ཅང་ལེགས་པོ་གནང་བྱུང་།” ཞེས་སོགས་གསར་འགོད་པར་འགྲེལ་བརྗོད་གནང་བའི་བརྙན་ཐུང་མཐོང་རྒྱུ་འདུག

            འབྲེལ་ཡོད་ནས་གནས་ཚུལ་ངོ་སྤྲོད་གནང་གསལ་ལྟར་ན། ཆུ་ལོག་དེ་ནི་སའི་གོ་ལའི་ཚ་དྲོད་ཆེ་རུ་ཕྱིན་པའི་རྐྱེན་ལས་གངས་རི་བཞུར་ནས་ཆུ་ལོག་བརྒྱུགས་པ་ཞིག་ཡིན་སྐོར་དང་། འདས་པའི་ལོ་རྒྱུས་ནང་ས་གནས་དེར་ཆུ་ལོག་དེ་འདྲ་ཞིག་བྱུང་མྱོང་མེད་སྐོར་འགྲེལ་བརྗོད་གནང་གི་འདུག སྤྱིར་ན་དེང་སང་ཁོར་ཡུག་འབག་བཙོག་གིས་རྐྱེན་པས་གནམ་གཤིས་འགྱུར་ལྡོག་དང་། གོ་ལའི་ཚ་དྲོད་རྒྱས་ནས་བོད་ནང་གི་ས་གནས་གང་སར་སྲིད་པའི་གངས་རི་མང་པོ་ཞུ་བཞིན་ཡོད་པར་མ་ཚད། དེའི་རྐྱེན་པས་བོད་ནང་གི་ས་གནས་གང་སར་དེ་སྔོན་བྱུང་མྱོང་མེད་པའི་རི་ཉིལ་བ་དང་ཆུ་ལོག་བརྒྱུགས་ནས་གནོད་འཚེ་ཚབས་ཆེན་ཐེབས་ཀྱི་ཡོད་སྐོར་གསུངས་སོང་།

            རྒྱལ་ཆེན་ཡུལ་ཚོའི་གྲོང་ཚོ་ལྔ་པའི་ནང་ཆུ་ལོག་གི་གནོད་ཚེ་ཚབས་ཆེན་ཐེབས་རྗེས་ས་གནས་བོད་མི་དང་གཙོ་བོ་ས་གནས་དེ་གར་ཡོད་པའི་གཅུང་པ་ཆོས་འཁོར་དགོན་པའི་མཁན་རིན་པོ་ཆེ་བློ་བཟང་འཇམ་དཔལ་ལགས་ཀྱིས་སྣེ་ཁྲིད་པའི་གྲྭ་མང་གིས་ཆུ་ཚོད་ ༡༥ ཙམ་གྱི་རིང་གནོད་འཚེ་ཕོག་པའི་མི་མང་གི་ཅ་དངོས་སོགས་དབོར་རོགས་བྱས་ཡོད་འདུག གནས་ཚུལ་འབྱུང་ཁུངས་ཀྱིས་བརྗོད་གསལ་ལྟར་ན། མི་མང་གི་སྡོད་ཁང་མང་པོ་ཞིག་ལ་གནོད་འཚེ་བཏང་ནས་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་བཏང་ཡོད་པ་ལས། མི་ལ་ཤི་རྨས་སོགས་བྱུང་མེད་པ་དང་། གནོད་འཚེ་ཕོག་སའི་ས་གནས་ཀྱི་མི་མང་རྣམས་བདེ་འཇགས་ཀྱི་སར་གནས་སྤོ་བྱས་ཏེ་འཕྲལ་སེལ་གྱི་སྡོད་གུར་ཕུབ་ནས་བསྡད་ཡོད་པ་རེད་འདུག རྒྱ་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱལ་ཆེན་ཡུལ་ཚོར་ཆུ་ལོག་རྒྱུག་སྐབས་རྒྱལ་ཆེན་ཡུལ་ཚོའི་ཏང་སྲིད་དང་། ས་གནས་རྒྱ་རིགས་ཚོང་པ་སོགས་ཀྱིས་རོགས་རམ་རྒྱ་ཆེན་བྱས་ཡོད་ལུག་སྒྲོག་བཞིན་ཡོད་ནའང་། པར་དང་བརྙན་ཐུང་ཁག་གི་ནང་། མི་མང་དང་དགེ་འདུན་པ་མང་པོ་ཞིག་གི་གྲྭ་ཆས་གྱོན་པ་ཡོངས་རྫོགས་འདམ་བག་གིས་ཁེངས་ནས་མི་མང་གི་ཅ་དངོས་དབོར་རོགས་བྱེད་བཞིན་པ་ལས། གནོད་འཚེ་ཕོག་ས་ཡུལ་དངོས་སུ་རྒྱ་གཞུང་གི་ཉེན་རྟོག་དམག་མི་དང་མྱུར་སྐྱོབ་མི་སྣ་སོགས་གང་ཡང་མཐོང་རྒྱུ་མེད་པ་རེད།

ཐེངས་ 42490 བཀླགས་འདུག