Donate

ཀར་བོན་དབྱེ་འཇོག་བྱེད་པའི་གཤེར་ས།

འཛམ་གླིང་ཁྱོན་ཡོངས་ཀྱི་གཤེར་ས་རྣམས་ཀྱིས་གོ་ལའི་སྐམ་ས་དང་ཕྱེད་སྐམ་སའི་ས་ཁུལ་ཁག་ཏུ་གཤེར་བྱེད་བསྐྱར་གསོག་གི་བྱ་བ་གལ་ཆེན་ཞིག་སྒྲུབ་ཀྱིན་ཡོད། བོད་མཐོ་སྒང་གི་གཤེར་ས་རྣམས་ནི་ཀར་བོན་ཉར་སྲུང་བྱེད་པོ་གཙོ་བོ་ཡིན་པ་མ་ཟད། གཙང་ཆེན་ཁག་གི་འབབ་རྒྱུན་ལ་སྟངས་ཅིན་གྱི་བྱ་བ་གཙོ་བོ་དེ་ཡང་སྒྲུབ་ཀྱིན་ཡོད།གཤེར་ས་རྣམས་ཀྱིས་འཇིབ་བལ་དང་འདྲ་བར་དབྱར་དུས་ཆུ་ཧ་ཅང་མང་བའི་སྐབས་འཇིབ་འཐེན་དང་དགུན་དུས་ཆར་ཆུ་སྐམ་པའི་ཚེ་གློད་གཏོང་གི་བྱ་བ་སྒྲུབ་བཞིན་ཡོད། ཉེ་དུས་ཀྱི་ཚ་དྲོད་ཆེ་བའི་གནམ་གཤིས་ཀྱིས་བོད་མཐོ་སྒང་གི་གཤེར་ས་ཁག་སྐམ་གྱུར་གྱིས་གཤེར་སའི་རྒྱ་ཁྱོན་ཇེ་ཆུང་དུ་ཕྱིན་ཡོད་ཅིང་། རྒྱ་ནག་ཉིན་རེའི་གསར་འགྱུར་ནང་བཀོད་པ་ལྟར་ན། གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་གཤེར་སའི་རྒྱ་ཁྱོན་ཇེ་ཆུང་དུ་ཕྱིན་པ་དེས་རྨ་ཆུ་དང་འབྲི་ཆུའི་བཞུར་ཚད་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་བཀོད་འདུག

རྒྱ་རིགས་ཚན་རིག་པ་སྐུ་ཞབས་འཇིན་དང་ཁོང་གི་ལས་རོགས་ཚོས་ཕྱི་ལོ་ ༡༩༩༩ དང་ ༢༠༠༠ ལོར་ཉམས་ཞིབ་བྱས་པ་ལྟར་ན། བོད་མཐོ་སྒང་གི་ཚྭ་མེད་ཆུའི་ས་ཁྱོན་ཧ་ལམ་སྤྱི་ལེ་གྲུ་བཞི་མ་ཆིག་འབུམ་གསུམ་ཁྲི་ལྷག་ (༡,༣༣ ,༠༠༠) ཙམ་ཟིན་གྱི་ཡོད་པར་བཤད་ཡོད། འོན་ཀྱང་ཉེ་དུས་ཕྱི་ལོ་ ༢༠༠༤ དང་ ༢༠༠༧ ལོར་རྒྱ་རིགས་ཏིང་ (Ding, W.X) དང་ཁོང་གི་ལས་རོགས་ཚོས་ཉམས་ཞིབ་བྱས་པ་ལྟར་ན། སྤྱི་ལེ་གྲུ་བཞི་མ་བཞི་ཁྲི་བརྒྱད་སྟོང་ (༤༨ ,༠༧༠) ཙམ་ལས་མེད་པར་བཤད་པ་འདི་གཉིས་ཀྱི་དབར་མི་མཐུན་པ་ཆེན་པོ་ཡོད། ཀར་བོན་ཁྱོན་ཆེ་ཉར་སྲུང་བྱས་པའི་གནས་སྟངས་འདིས་གོང་སྨོས་གཤེར་ས་འདི་དག་གིས་རླུང་ཁམས་ཀྱི་ཀར་བོན་ཁག་ཀྱང་ས་འོག་ཏུ་སིམ་ཉར་བྱེད་པའི་ནུས་པ་བསྐྲུན་གྱི་ཡོད། ས་ཁུལ་འདི་དག་སྟངས་འཛིན་འཐུས་ཚང་མ་བྱུང་པ་ཡིན་ན་དྲོད་ཁང་རླངས་རྫས་ཀྱི་འབྱུང་ཁུངས་ལྟ་བུར་འགྱུར་ཉེན་ཡོད།

ཀྲང་ཕཱ་ཡི་ལའིའུ་སོགས་ཀྱིས་སྣེ་ཁྲིད་ཉམས་ཞིབ་བྱས་པ་བརྒྱུད་ཀར་བོན་གྱི་འབྱུང་ཁུངས་སམ། ཡང་ན་ཀར་བོན་སིམ་ཉར་གྱི་བྱེད་ལས་ཅན་གྱི་གཤེར་ས་ཁག་ས་འོག་གི་ཆུ་རིམ་མཐོ་དམའ་དང་། ཁ་ཆར་འབབ་ཞོད་ཆེ་ཆུང་དང་ཕན་ཚུན་འབྲེལ་བ་ཧ་ཅང་ཉེ་པོ་ཡོད་པ་ཤེས་རྟོགས་བྱུང་འདུག

ཁོང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན་བྱང་ཤར་མཐོ་སྒང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་:Haibei)ས་མཐོའ་ིགཤེར་སས་ལོ་ཏོག་སོགས་སྐྱེ་འཚར་གྱི་ནམ་དུས་སུ་ཀར་བོན་འབར་རླངས་གྷ་རམ་ ༣༡༦ ཙམ་སིམ་ཉར་བྱེད་ཀྱི་ཡོད། སྐྱེ་འཚར་མེད་པའི་ནམ་དུས་སུ་ཀར་བོན་འབར་རླངས་གྷ་རམ་ ༥༤༦ ཙམ་གློད་གཏོང་བྱེད་ཀྱི་ཡོད་འདུག ཁྱོན་བསྡོམས་སྤྱི་ལེ་གྲུ་བཞི་མ་ ༦.༢ ཙམ་གྱི་ས་ཁྱོན་ཡོད་པའི་ལྷ་ཀླུའི་འདམ་གཞུང་དེས་ལོ་ལྟར་ཀར་བོན་ཏུན་བདུན་ཁྲི་བརྒྱད་སྟོང་ལྷག་ (༧༨ ,༨༠༠) ཙམ་སིམ་ཉར་བྱེད་པ་དང་འཚོ་རླུང་ཏུན་ལྔ་ཁྲི་བདུན་སྟོང་ལྷག་ (༥༧ ,༣༠༠) ཙམ་ཐོན་བསྐྱེད་བྱེད་ཀྱིན་ཡོད། བོད་མཐོ་སྒང་གི་སྟེང་སའི་སྐྱེ་ལྡན་ཀར་བོན་ཉར་གསོག་གི་འབོར་ཚད་དེ་གོ་ལ་སྤྱིའི་སྟེང་སྐྱེ་ལྡན་ཀར་བོན་ཀྱི་བརྒྱ་ཆ་ ༢.༥ ཟིན་ཡོད།

འོན་ཀྱང་བོད་ཀྱི་ས་ཁྱོན་དེས་གོ་ལའི་སྐམ་སའི་བརྒྱ་ཆ་ ༡.༧ ལས་ཟིན་གྱི་མེད་ཅིང་། ད་དུང་དེའི་བརྒྱ་ཆ་ ༨ གྲང་ངར་ཆེ་བའི་གཤེར་སའི་ནང་གནས་ཡོད། གཤེར་ས་གྲང་མོའི་ནང་སྐྱེ་ལྡན་ཀར་བོན་གྱི་འདུས་གསོག་འདི་འདྲའི་ཚད་མཐོ་པོ་བྱུང་བ་འདི་ནི་གྲང་ངར་ཆེ་སར་སྐྱེ་ལྡན་དངོས་པོ་རུལ་སྲུངས་སུ་འགྱུར་ཚད་དམའ་པོ་ཡིན་པའི་གནས་སྟངས་ལ་ཐུག་ཡོད། རྒྱ་ནག་ནང་མཚོ་དང་མཚིའུ་ཁག་དང་།
གཙང་ཆུའི་ཉེ་འགྲམ་གྱི་བརླན་ཤས་ཆེ་བའི་འདམ་ཐང་མ་བརྩིས་པའི་རང་བྱུང་གཤེར་ས་ཇི་ཡོད་ཀྱི་ཕྱོགས་སྡོམ་ཡིག་ཆའི་ནང་རང་བྱུང་གཤེར་ས་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༥༡ ལྷག་བོད་ཀྱི་ས་ཆར་ཡོད་པ་བཤད་འདུག འདི་དག་ཕལ་ཆེར་ཚ་འདམ་དང་། ན་འདམ། གཙང་ཆུའི་འདམ་ར་བཅས་ཀྱིས་གྲུབ་ཡོད། ཅིན་དང་ཁོང་གི་ལས་རོགས་ཚོའི་རྩིས་འབྲས་ལྟར་ན། བོད་མཐོ་སྒང་ཐོག་གི་གཙང་ཆུའི་འདམ་ར་རྣམས་ཀྱི་ལོ་རེར་གློད་གཏོང་བྱེད་པའི་ན་རླངས་ཀྱི་འབོར་ཚད་དེ་ཏུན་འབུམ་བདུན་བཅུ་དོན་ལྔ་ནས་ས་ཡ་གཅིག་དང་ལྔ་ཁྲི་བར་ཡིན་འདུག འོན་ཀྱང་ཏིང་དང་ཁོང་གི་ལས་རོགས་ཚོས་ཚ་འདམ་དང་ན་འདམ། གཙང་ཆུ་བཅས་ཚང་མའི་ཁྱོན་ཡོངས་ཀྱི་ན་རླངས་གློད་ཚད་དེ་ཏུན་འབུམ་ ༥༦ ཙམ་ཡིན་པའི་ཚོད་དཔག་བྱས་འདུག

གཤེར་ས་རྣམས་ཀྱིས་རླུང་ཁམས་ཀྱི་ཀར་བོན་འཁོར་བསྐྱོད་ལ་ཕན་གནོད་འབྲེལ་ཚུལ་མི་འདྲ་བ་བཞི་ཡོད།
༡ ས་གཞིར་བདག་གཅེས་སྐྱོ་བ་དང་ཆུ་ཁ ་དམའ་རུ་སོང་བ། ཁོར་ཡུག་ལ་གནོད་པའི་མིའི་བྱ་སྤྱོད་བཅས་ལ་བརྟེན་ནས་གཤེར་ས་ཁག་གིས་ཀར་བོན་གློད་གཏོང་བྱེད་ཀྱི་ཡོད་པ་དང་། དེ་བཞིན་གནམ་གཤིས་དྲོ་རུ་ཕྱིན་པའི་རྐྱེན་གྱིས་གཏན་ཆགས་འཁྱགས་རིམ་བཞུར་བར་བྱེད་ཅིང་། འདིས་གཤེར་ས་ཁག་གིས་སིམ་ཉར་བྱས་པའི་ན་རླངས་ཀྱི་རིགས་རྣམས་རླུང་ཁམས་ནང་གློད་གཏོང་བྱེད་སྲིད།

༢ གཤེར་ས་ཁག་མང་པོས་མུ་མཐུད་རླུང་ཁམས་ནས་ཀར་བོན་གྱི་རིགས་རྣམས་འོད་ཀྱི་སྦྱོར་སྡེབ་(photosynthesis) བརྒྱུད་ནས་རང་གནས་སུ་དབྱེ་འཇོག་གིས་ས་འོག་ཏུ་མུ་མཐུད་ཉར་གསོག་བྱེད་ཐུབ་ཀྱི་ཡོད།

༣ གཤེར་ས་རྣམས་ཀྱིས་ཆུ་རྒྱུད་ས་ཁུལ་ནས་བྱུང་བའི་ཀར་བོན་གྱིས་ཕྱུག་པའི་སྙིགས་བསགས་ཀྱི་རིགས་རྣམས་ཉར་སྲུང་བྱེད་པ་དང་། ཡང་ཆུའི་ནང་བཞུ་བའི་ཀར་བོན་རྣམས་རྒྱུགས་ཆུ་བརྒྱུད་དེ་ཉེ་འཁོར་གྱི་སྐྱེ་ཁམས་མ་ལག་ཁྲོད་གློད་གཏོང་ཡང་བྱེད་སྲིད། འདི་ལྟའི་ས་ཐོག་ཏུ་ཀར་བོན་འོར་འདྲེན་གྱི་བརྒྱུད་ལམ་འདིས་ནག་རྫས་དབྱེ་འཇོག་དང་རླུང་ཁམས་ནང་གློད་གཏོང་གི་ཚད་གཞིར་ཤུགས་རྐྱེན་ཐེབས་ཀྱི་ཡོད།

༤ གནམ་གཤིས་འགྱུར་ལྡོག་གིས་གཤེར་སའི་བྱེད་སྒོ་ལའང་ཤུགས་རྐྱེན་ཐེབས་ནས་དྲོད་ཁང་རླངས་རྫས་ཀྱི་འབྱུང་རྐྱེན་ནམ། ཡང་ན་དྲོད་ཁང་རླངས་རྫས་སིམ་ཉར་གྱི་བྱ་བ་སྒྲུབ་སྲིད་པ་ཡིན།
དྲོད་ཚད་འཕར་བའི་མཇུག་འབྲས་སུ་གཏན་ཆགས་འཁྱགས་རིམ་ཁག་བཞུར་བའི་ཉེར་ལེན་གྱིས་གཤེར་ས་ཁག་གིས་ཀར་བོན་གསོག་ཉར་དང་དབྱེ་འཇོག་ཇེ་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་ཡང་བྱེད་ཀྱི་ཡོད། དེ་ལྟར་ཡང་བོད་མཐོ་སྒང་གི་དབྱར་དུས་ཀྱི་དྲོད་ཚད་དམའ་བའི་གནས་སྟངས་ཀྱིས་ན་རླངས་ཀྱི་ཐོན་འབབ་དང་གློད་གཏོང་གི་ཚད་གཞི་དམའ་པོར་གནས་ཐུབ་པ་གསལ་སྟོན་བྱས་འདུག ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42199 བཀླགས་འདུག