ཁོར་ཡུག་སྲུང་སྐྱོབ་འོག་ཁྱོན་བོད་མི་ ༡༤ ལ་ཁྲིམས་ཆད།
ཕྱི་ལོ། ༢༠༡༤ ཟླ། ༨ ཚེས། ༦ ཉིན་སྤེལ། རྒྱ་གཞུང་གིས་ལྷ་ས་གྲོང་ཁྱེར་ལྷུན་འགྲུབ་རྫོང་གི་བོད་མི་དྲུག་ལ་ལོ་ ༨ ནས་ ༡༢ བར་གྱི་ཁྲིམས་ཆད་དང་། དེ་བཞིན་སྡེ་དགེ་རྫོང་ཁོངས་ཀྱི་བོད་མི་བརྒྱད་ལ་ལོ་ ༣ ནས་ ༩ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ཕྱི་ཟླ་ ༧ ཚེས་ ༣༠ ཉིན་རྒྱ་ནག་ཞིན་ཧྭ་གསར་ཁང་གིས། ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༡༥ ཉིན་དངོས་སུ་ལས་མགོ་བརྩམས་པའི་བོད་རང་སྐྱོང་ལྗོངས་ལྷུན་འགྲུབ་རྫོང་ཕོད་མདོ་ཆུ་བེད་ཨར་ལས་བཟོ་སྐྲུན་ལྟེ་གནས་སུ། ཁྱོན་རྒྱ་སྒོར་དུང་ཕྱུར་ ༤༥.༦༩ ཙམ་གྱི་འགྲོ་སོང་བཏང་སྟེ། གློག་འདོན་གྱི་བྱ་བ་ལེགས་འགྲུབ་བྱུང་ཡོད་སྐོར་བསྒྲགས་ཡོད་པ་མ་ཟད། ཆུ་བེད་ལྟེ་གནས་དེས་མ་འོངས་པར་ཆུ་ལོག་སྔོན་འགོག་དང་སྐྱེས་ཁམས་ཁོར་ཡུག་ལེགས་བཅོས་སོགས་ལ་ཕན་ནུས་ཆེན་པོ་ཐོན་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། ལས་གཞི་དེའི་སྔ་གཞུག་ཏུ་ཉེ་འཁྲིས་ཀྱི་དུད་ཁྱིམ་ ༡༠༠ ལྷག་གི་བོད་མི་ ༧༠༠ ཉེ་བ་བཙན་གྱིས་གནས་སྤོ་རུ་བཅུག་ཡོད་པ་མ་ཟད། འདས་པའི་ལོ་འགའི་ནང་ཉེ་འཁོར་གྱི་རི་བོ་རྣམས་འགད་རྫས་ཀྱིས་གཏོར་ཏེ་གཏེར་ཁ་འབོར་ཆེན་སྔོག་འདོན་བྱས་ཏེ། ཁོར་ཡུག་ལ་འབག་བཙོག་ཆེན་པོ་བཟོས་རྐྱེན་སྒོ་ཕྱུག་མང་པོར་འཆི་སྐྱོན་བྱུང་ཡོད་པ་དང་། དེ་བཞིན། ཡུལ་མིའི་ཁང་པ་དང་ཞིང་ཁ་སོགས་ལའང་གནོད་སྐྱོན་ཐེབས་པར་བརྟེན། ས་གནས་བོད་མི་ཚོས་ཐེངས་མང་པོར་ལས་མཚམས་འཇོག་དགོས་པའི་རེ་སྐུལ་བྱས་ཀྱང་ཕན་འབྲས་ཐོན་མེད་སྟབས། ཕྱི་ལོ་ ༢༠༡༡ ཟླ་ ༤ ནང་བོད་མི་ཚོས་ལས་གཞི་མཚམས་འཇོག་དགོས་པའི་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པས་མི་མང་ལ་གཅར་རྡུང་དྲག་གནོན་བྱས་ཡོད་པ་མ་ཟད། སྐབས་དེར་ལོ་ན་སུམ་ཅུ་སོ་གྲངས་ཡིན་པའི་ངག་དབང་ཡེ་ཤེས་དང་པདྨ་རྒྱལ་པོ། ཀུན་དགའ། ཆོས་དབྱངས་འོད་ཟེར། སྤེན་པ་རྒྱལ་པོ། པདྨ་བཅས་བོད་མི་ ༦ འཛིན་བཟུང་བྱས་ཏེ། ལོ་ ༨ ནས་ ༡༢ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
གོང་གི་གནས་ཚུལ་ཐད་དྷ་སར་གནས་སྡོད་ལྷུན་འགྲུབ་རྫོང་ནས་ཡིན་པའི་ཕུར་བུ་ལགས་ཀྱིས། བོད་མི་དེ་ཚོ་འཛིན་བཟུང་བྱས་རྗེས། ལོ་གཅིག་ལྷག་ལ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་ཀྱང་། ཉེ་སྔོན་ཀུན་དགའ་དང་པདྨ་གཉིས་ལ་ལོ་ ༡༢ དང་། ངག་དབང་ཡེ་ཤེས་དང་ཆོས་དབྱངས་འོད་ཟེར། སྤེན་པ་རྒྱལ་པོ་བཅས་ལ་ལོ་ ༡༡། པདྨ་རྒྱལ་པོ་ལ་ལོ་ ༨ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ལྷ་ས་གྲྭ་བཞི་བཙོན་ཁང་དུ་བཅུག་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་། རྒྱ་གཞུང་གིས་ས་གནས་སུ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་སྟབས། ཡུལ་མི་ཚོས་ཁྲིམས་ཐག་ག་དུས་བཅད་པ་སོགས་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་བྱེད་ཕོད་ཀྱི་མེད་ལུགས་བརྗོད་འདུག
ཕྱི་ལོ་ ༡༩༩༨ ནས་བཟུང་རྒྱ་གཞུང་གིས་ལྷུན་འགྲུབ་རྫོང་ཕོད་མདོ་ཤང་དུ་གཏེར་ཁ་འཚོལ་སྡུད་ཀྱི་ལས་མགོ་བརྩམས་ཡོད་པ་མ་ཟད། ༢༠༠༣ དང་ ༢༠༠༤ ལོར་ཡུལ་མི་ཚོར་ཚོགས་འདུ་བསྡུས་ཏེ། ལས་གཞི་དེ་རྒྱ་ནག་དབུས་གཞུང་གི་བཀའ་བཀོད་ཡིན་པས། བོད་མི་ཚོས་འགོག་རྐྱེན་བཟོས་ཚེ་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ནང་ལས་གཞི་དེར་ཁ་གཡར་ནས་དུད་ཁྱིམ་མང་པོ་གནས་སྤོ་རུ་འཇུག་སྐབས། ལྷ་ས་གྲོང་ཁྱེར་དང་རྫོང་རིམ་པའི་མགོ་ཁྲིད་ཚོས་གནས་སྤོ་བྱས་པའི་མི་མང་ལ་ལས་ཀ་གོ་སྒྲིག་བྱ་རྒྱུ་ཡིན་པ་མ་ཟད། མི་མང་གི་མཉམ་ལས་མཉམ་འཐུང་དང་། ཐུན་མོང་གི་སློབ་སྦྱོང་བྱ་བ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་དམངས་ཕན་ཕྱུག་འགྱུར་གྱི་སྲིད་བྱུས་མང་ཚོགས་ནང་ཁྱབ་བརྡལ་དུ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། ཕོད་མདོ་ཤང་ནས་གནས་སྤོ་རུ་བཅུག་པའི་དུད་ཁྱིམ་ཉུང་ཤས་ཤིག་ལྷ་ས་གྲོང་ཁྱེར་མཁར་གྲོང་ཁུལ་དུ་གནས་སྡོད་ཀྱིས་ཚོང་ལས་ཙག་ཙིག་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པ་དང་། དུད་ཁྱིམ་མང་པོ་ཞིག་ཉེ་འཁོར་གྱི་གྲོང་ཚོ་ཁག་<གི་ནང་གནས་སྤར་ཏེ། མུ་མཐུད་ཞིང་འབྲོག་གི་ལས་ཀར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་སྐོར་བརྗོད་འདུག
གཞན་ཡང་། ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་སྡེ་དགེ་རྫོང་ཁོངས་གཉན་སྒོར་ཤང་རེག་པ་གྲོང་ཚོ་དང་ཝ་པ་གྲོང་ཚོ་གཉིས་ཀྱི་བར་དུ་ཉེན་རྟོག་ལས་ཁུངས་ཤིག་གསར་རྒྱག་བྱས་པར་བརྟེན། ས་གནས་བོད་མི་ཚོས་འདོད་མོས་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༢ ཟླ་ ༢ པའི་ཚེས་ ༢༤ ཉིན་གྱི་སྔ་དྲོར། སྡེ་དགེ་རྫོང་གཉན་སྒོར་ཤང་རེག་པ་གྲོང་ཚོ་ནས་ཡིན་པའི་བོད་མི་བཀྲ་ཤིས་ཞུ་བ་ཞིག་གིས། འབར་རྫས་ཀྱིས་ཉེན་རྟོག་ཁང་དེ་གཏོར་རྒོལ་བཏང་ཡོད་པ་མ་ཟད། འབར་གས་ཁྲོད་ཁོང་རང་ཡང་འདས་གྲོངས་སུ་གྱུར་ཡོད་ཀྱང་། སྐབས་དེར་ཉེན་རྟོག་ཁང་གི་ལས་བྱེད་ཚོ་ས་གནས་གཞན་དུ་ཕྱིན་ཡོད་སྟབས་ཉེན་རྟོག་པར་ཤི་རྨས་བྱུང་མེད་པ་རེད།
གཏོར་རྒོལ་གྱི་ཉིན་རེ་གཉིས་ཀྱི་གོང་དུ། ཁོང་གིས་ངོ་ཤེས་ཁག་ཅིག་ལ་རྒྱ་གཞུང་གིས་ས་གནས་སུ་ཉེན་རྟོག་ཁང་བརྒྱབ་པ་མ་ཟད། དྲག་ཤུགས་ངོམ་གྱི་འདུག་པས་ཁོ་ཚོ་རྩ་མེད་བཟོས་ཏེ་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང་། ཁོང་འདས་གྲོངས་སུ་གྱུར་རྗེས། ཁོང་གི་གྲོང་ཚོ་གཅིག་པའི་བོད་མི་ ༨ གཏོར་རྒོལ་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་མ་ཟད། རང་ལོ་ ༣༦ ཡིན་པའི་ཡེ་ཤེས་ལ་ལོ་ ༩ དང་འཇིགས་དགའ་ལ་ལོ་ ༤། པདྨ་ནོར་བུར་ལོ་ ༥། ཚེ་རིང་ཕུན་ཚོགས་ལ་ལོ་ ༣། རང་ལོ་ ༤༩ ཡིན་པའི་བུ་རྒོད་ལ་ལོ་ ༣། དགེ་འདུན་ལ་ལོ་ ༣། ལྷ་བསམ་ལ་ལོ་ ༣། བསོད་མགོན་ལ་ལོ་ ༣ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ལྟ་མི་ཉག་གི་བཙོན་ཁང་ཞིག་ཏུ་བཅུག་ཡོད་འདུག
ཡོང་ཁུངས་བོད་ཀྱི་དུས་བབ།
ཐེངས་ 42362 བཀླགས་འདུག