Donate

ཟླ་རེའི་ཁོར་ཡུག་གཙང་བཟོ་ལས་འགུལ།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་ཟླ་རེའི་རེས་གཟའ་སྤེན་པ་གསུམ་པ་གང་ཡིན་ལ་རྡ་ས་ཉེ་འཁོར་གཡས་གཡོན་དུ་གཙང་བཟོ་ལས་འགུལ་སྤེལ་མུས་ལྟར། ཕྱི་ལོ་༢༠༡༨ ཟླ་༩ ཚེས་༡༥ ཉིན་ང་ཚོའི་ཚོགས་པའི་སློབ་ཕྲུག་དང་དྭངས་བླང་བ།འདི་ག་མེག་ལོག་ཁོར་ཡུག་ཚན་པའི་མི་འགའ་ཤས་བཅས་མཉམ་ཞུགས་ཀྱིས་མེག་ལོག་བཞི་མདོ་ནས་འགོ་འཛུགས་ཀྱིས་ཀྲུ་ཤིས་ཏའི་རྒྱ་ལམ་གཡས་གཡོན་གྱི་ཤིང་ནགས་སུ་བསམ་ཡུལ་ལས་འདས་པའི་འགྱིག་ཤོག་དང་།གོས་རྙིང་རིགས། ཤེལ་དམ་རིགས་བཅས་ཕོན་ཆེན་གང་སར་དོར་ཡོད་པ་རྣམས་གཙང་མ་བཟོ་ཡོད་ཅིང་། གཙང་བཟོའི་སྐབས་ཆར་དུས་མཇུག་སྒྲིལ་མཚམས་སུ་ཡིན་པས་གད་སྙིགས་རྣམས་རློན་གྱི་རྐྱེན་པས་རུལ་ནས་ལག་པ་འཆང་དུ་མི་རུང་བ་དང་དྲི་ངན་གྱིས་ཁྱབ་ཡོད་ནའང་གཙང་བཟོ་བ་ཚོས་ཅི་ལའང་མི་འཛེམ་པར་སྙིགས་རོ་རྣམས་སོ་སོའི་ལག་ཏུ་ཐོགས་པའི་བླུག་སྣོད་ནང་བླུགས་ནས་སྙིགས་རོ་དབོར་འདྲེན་རླངས་འཁོར་ནང་བསྐྱལ་ཡོད་པ་རེད།ཁོ་ཚོའི་གྱོན་གོས་རྣམས་ལ་དྲི་ངན་དང་རེག་མི་འདོད་པའི་བཙོག་པ་ཆགས་ཡོད་ཀྱང་འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་རང་ཉིད་གནས་ས་ཁོར་ཡུག་དེ་གཙང་མ་ཉར་ཚགས་ཡོང་ཆེད་ཁོ་ནར་ཐུགས་བཞེས་གནང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་། འབོད་སྐུལ་དང་རེ་བ་ཞུ་རྒྱུར།  སྤྱིར་རང་ཉིད་ཀྱི་འཕྲོད་བསྟེན་དང་སྤྱི་ཚོགས་ཡོངས་ལ་ཐུགས་བསམ་བཞེས་ནས་རང་གི་གནས་ས་ཁོར་ཡུག་དེ་ཉིད་གཙང་མ་ཉར་ཚགས་དགོས་པ་ནི་མཁྱེན་གསལ་ལགས་པས་རྒྱུན་དུ་ཐུགས་སྣང་གནང་རོགས།  རྒྱུན་དུ་རང་ཉིད་ཀྱི་ལག་ཏུ་ཡོད་པའི་གད་སྙིགས་རྣམས་རང་དགར་མ་གཡུགས་པར་བླུག་སྣོད་ནང་དུ་བླུགས་རྒྱུ་གོམས་གཤིས་སུ་འཇགས་པའི་རེ་བ་དང་། ང་ཚོ་ཚོགས་པའི་ངོས་ནས་ཟླ་རེའི་རེས་གཟའ་སྤེན་པ་གསུམ་པ་རྟག་པར་ཁོར་ཡུག་གཙང་བཟོ་བྱེད་མུས་ཡིན་པས་ཅི་ནས་ཀྱང་མཉམ་ཞུགས་གནང་སྐྱོང་ཡོང་བ་འབོད་སྐུལ་ཞུ་རྒྱུ་བཅས།

 

 

 

 

ཐེངས་ 42213 བཀླགས་འདུག