ཨོ་སི་ཀྲོ་ལི་ཡའི་ནང་ཐན་པའི་དཀའ་ངལ་འཕྲད་བཞིན་པ།
ཨོ་སི་ཀྲོ་ལི་ཡའི་མི་སེར་འབོར་ཆེ་ཤོས་སྡོད་ཡུལ་གྱི་མངའ་སྡེའི་ནང་ཐན་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱལ་ནང་གི་ཞིང་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་བཞིན་འདུག
ཟླ་༨ པའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨོ་སི་ཀྲོ་ལི་ཡའི་མངའ་སྡེ་ལྷོ་ཝེལ་སི་གསར་པས་རྒྱལ་ནང་གི་ཞིང་ལས་ཐོན་སྐྱེད་བཞི་ཆ་གཅིག་འདོན་གྱི་ཡོད་འདུག་ཀྱང་། འདི་ལོར་ཐན་པ་བརྒྱ་ཆ་བརྒྱ་བྱུང་བར་ངོས་འཛིན་བྱས་འདུག
ཨོ་སི་ཀྲོ་ལི་ཡ་གཞུང་གིས་ཛ་དྲག་ཉེན་སྐྱོབ་རོགས་དངུལ་ཨ་སྒོར་ས་ཡ་༤༣༠ སྤྲད་ཡོད་འདུག་པ་དང་། ཞིང་པ་རྣམས་ཀྱིས་མི་རེར་ཨོ་སི་ཀྲོ་ལི་ཡའི་སྒོར་༡༦༠༠༠ བར་རོགས་དངུལ་ལེན་ཆོག་གི་ཡོད་འདུག་པ་དང་། བདུན་ཕྲག་འདིའི་ནང་སྲིད་བློན་ཊོན་བྷོལ་གྱིས་རོགས་དངུལ་སྣོན་མ་ཨོ་སི་ཀྲོ་ལི་ཡའི་སྒོར་༡༢༠༠༠ བར་ལེན་ཆོག་པའི་གསལ་བསྒྲགས་བྱས་འདུག འོན་ཀྱང་མི་ཁག་ཅིག་གིས་གཞུང་གི་རོགས་དངུལ་དེ་ཉུང་དྲག་པ་དང་འཕྱི་དྲག་ཡོད་པ་དང་། དེ་བཞིན་རོགས་དངུལ་ལེན་པར་བརྒྱུད་རིམ་མང་པོ་འགྲོ་དགོས་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག ད་ལྟའི་ཆར་རོགས་དངུལ་དེ་ལེན་པར་ཆ་རྐྱེན་ཚང་མཁན་མི་༢༠༠༠༠ ལྷག་གིས་སྙན་ཞུ་རྒྱག་རྒྱུ་ཡིན་འདུག
ཟླ་༧ པའི་ནང་ལྷོ་ཝེལ་སི་གསར་པའི་ནང་ཆར་པ་མི་ཊར་༡༠ ལས་ཉུང་བ་བབ་ཡོད་འདུག་པ་དང་། འབྱུང་འགྱུར་གྱི་ཟླ་བའི་ནང་གནམ་གཤིས་སྐམ་པོ་སྟོན་རྒྱུའི་སྔོན་བརྡ་བཏང་འདུག ཟླ་༨ པའི་ཚེས་༧ ཉིན་འབྲེལ་ཡོད་ལས་ཁུངས་ཀྱིས་ལྷོ་ཝེལ་སི་གསར་པའི་ས་ཁྱོན་བརྒྱ་ཆ་༢༣ ལ་ཐན་པ་ཚབས་ཆེན་བྱུང་ཡོད་པ་དང་། གཞན་རྣམས་ལ་ཐན་པ་བྱུང་བའམ་ཐན་པའི་ཤུགས་རྐྱེན་འཕྲད་བཞིན་ཡོད་སྐོར་བརྗོད་འདུག མངའ་སྡེ་དེའི་ཉེ་འཁོར་གྱི་མངའ་སྡེ་གཅིག་གི་ས་ཁྱོན་ཕྱེད་ཀ་ལས་མང་བ་ཐན་པ་བྱུང་འདུག་པ་དང་། དེ་མིན་མངའ་སྡེ་གཞན་ཁག་གཉིས་ལ་གནམ་གཤིས་སྐམ་པོ་སྟོན་བཞིན་འདུག
ཐན་པའི་དཀའ་ངལ་ནང་ལྷུང་བའི་ཞིང་ཚོར། ལོ་ཏོག་མ་སྨིན་པ་དང་ཆུའི་དཀའ་ངལ། དེ་བཞིན་སྒོ་ཕྱུགས་ལ་ཟས་སྤྲོད་མི་ཐུབ་པའི་དཀའ་ངལ་སོགས་འཕྲད་བཞིན་འདུག་པས། མང་པོ་ཞིག་གིས་སྒོ་ཕྱུགས་ས་གནས་གཞན་ལ་འདོད་པ་མེད་བཞིན་བཙོང་དགོས་པ་ཆགས་ཀྱི་ཡོད་འདུག
ཨོ་སི་ཀྲོ་ལི་ཡའི་ཚོགས་པ་ཞིག་གིས་སྙན་ཐོ་བཏོན་པར་གཞིགས་ན། རྒྱལ་ཁབ་དེའི་ནང་གྲོང་གསེབ་ཁུལ་དུ་རང་སྲོག་བཅད་མཁན་གྱི་གྲངས་འབོར་དེ་གྲོང་ཁྱེར་ལས་ཆ་སྙོམས་ཀྱི་བརྒྱ་ཆ་༤༠ ཡི་མང་བ་འབྱུང་གི་ཡོད་འདུག རྒྱ་གར་ནང་དུ་ཡང་ཐན་པའི་དཀའ་ངལ་འཕྲད་སྐབས། རང་སྲོག་བཅད་མཁན་གྱི་ཞིང་པ་ཤིན་ཏུ་མང་པོ་འབྱུང་གི་ཡོད་པ་རེད།
དེང་གི་ཆར་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས། ས་ཁུལ་ཁག་ཅིག་ལ་གནམ་གཤིས་ཤིན་ཏུ་གྲང་མོ་དང་། ག་ཅིག་ལ་ཆར་པ་བསྟུད་པར་བབ་པ། ཁག་ཅིག་ལ་ཚ་བ་ཤིན་ཏུ་ཆེན་པོ་སྟོན་པ་སོགས་ཀྱི་གནས་ཚུལ་མང་པོ་འབྱུང་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
source by:http://bangchen.net
ཐེངས་ 42249 བཀླགས་འདུག