Donate

སྤྱིའི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་དང་དཀའ་ངལ།

འགྲོ་བ་མི་ཞེས་པ་དེ་འཛམ་བུ་གླིང་གི་ལོ་རྒྱུས་ནང་བྱུང་རྗེས་འཛམ་བུ་གླིང་གི་ནང་དུ་བསྒྱུར་བཅོས་ཆེན་པོ་ཞིག་བཏང་ཡོད་ཅིང༌། དེ་བཞིན་མིའི་འགྲོ་བ་དེ་གང་སར་ཆེས་མགྱོགས་པོ་དར་ཁྱབ་ཕྱིན་ཏེ་ཐོན་ཁུངས་ཡོད་སའི་ས་ཆ་མང་ཆེ་བ་བདག་བཟུང་བྱས་ཡོད་པ་དང༌། མིའི་འགྲོ་བ་ཐོག་མར་བྱུང་སྐབས་སེམས་ཅན་གཞན་དང་གཅིག་མཚུངས་ཀྱི་རང་བྱུང་ཁོར་ཡུག་དང་ལྷན་དུ་རང་བཞིན་གྱི་འཆམ་མཐུན་ངང་གནས་ཡོད་ཀྱང༌། རིམ་བཞིན་ཁོ་ཚོའི་ཐབས་ཤེས་དང་ལག་རྩལ་སོགས་མཚུངས་ཟླ་མེད་པའི་ནུས་སྟོབས་ལ་བརྟེན་ནས་སེམས་ཅན་གཞན་དང་མི་འདྲ་བའི་རང་བྱུང་ཁོར་ཡུག་གི་གནས་སྟངས་འདི་འཕོ་འགྱུར་གཏོང་འགོ་ཚུགས་ཤིང༌། འགྲོ་བ་མི་རང་ཉིད་ཀྱི་འཚོ་གནས་དང་དགོས་མཁོར་བརྟེན་ནས་རང་བྱུང་ཁོར་ཡུག་གི་གནས་སྟངས་དེ་རིམ་བཞིན་འགྱུར་བ་ཕྱིན་པ་རེད། ཐོག་མར་མེ་ཕུང་དང་ལག་ཆ་ཆུང་ངུའི་རིགས་བེད་སྤྱོད་དང་བཏང་འཛིན་བྱེད་པའི་རྣམ་དཔྱོད་ཀྱིས་ཤིང་ནགས་དང་རྩི་ཤིང་གཅོད་འབྲེག་བྱས་ཏེ་གནོད་སྐྱོན་བཏང་བ། ཟས་གོས་ཀྱི་ཆེད་དུ་རི་དྭགས་དང་གཅན་གཟན་མང་པོ་རྔོན་རྒྱག་དང་ཁྱིམ་དུ་སྒོ་ཕྱུགས་གསོ་ཉར་བྱས་ཏེ་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལ་ཤུགས་རྐྱེན་ཐེབས་པ། རི་ཀླུང་དང༌། སྤང་ཐང་སྔོག་སློག་བྱས་ཏེ་སོ་ནམ་འདེབས་ལས་སོགས་བྱས་པས། ས་གཞི་བྱེ་ཐང་དང་ཐང་རྒོད་དུ་གྱུར་ཏེ་སྐྱེ་དངོས་རྩི་ཤིང་སྐྱེ་འཕེལ་ལ་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཐེབས་པ་སོགས་ཀྱིས་རང་བྱུང་ཁམས་ལ་གཏོར་བཤིག་གཏོང་འགོ་ཚུགས་ཡོད་པ་རེད།

དེ་དག་ལ་བརྟེན་ནས་ཆུ་ལོག་དང༌། དྲག་ཆར་རླུང་འཚུབ། མེ་སྐྱོན་སོགས་རང་བྱུང་ཁམས་ཀྱི་གནོད་འཚེ་ཡོང་གི་ཡོད། འགྲོ་བ་མིའི་གྲངས་འབོར་རིམ་བཞིན་འཕར་བ་དང་ལྷན་དུ་བཟོ་ལས་རིག་རྩལ་དང༌། ཚན་རྩལ་རིག་གནས་ཡར་རྒྱས་དང་རྒྱ་བསྐྱེད་ཆེས་ཆེན་པོ་ཕྱིན་པས་ཁོར་ཡུག་ལ་སྔར་ལས་མངོན་གསལ་དོད་ཅིང་ཁྱབ་བརྡལ་ཆེ་བའི་དཀའ་ངལ་འཕར་མ་འཕྲད་ཡོད་པ་དང༌། དུས་རབས་བར་མའི་རྗེས་ལ་འཕྲུལ་བཟོའི་རིག་རྩལ་ཡར་རྒྱས་མགྱོགས་མྱུར་ཕྱིན་པ་དེས་སའི་གོ་ལའི་ངོ་གདོང་དང༌། རླུང་ཁམས་ཀྱི་རང་བཞིན། ཆུ་ཁམས་ཀྱི་སྤུས་ཚད་བཅས་འགྱུར་བ་འགྲོ་འགོ་ཚུགས་ཤིང༌། མི་འབོར་འཕེལ་རྒྱས་ཆེས་མང་དུ་འགྲོ་བ་དང་ལྷན་དུ་འཕྲུལ་བཟོའི་རིག་རྩལ་དང༌། ཚན་རྩལ་རིག་གནས་ཡར་རྒྱས་ཆེས་མྱུར་བས། ཁོར་ཡུག་ཐོག་ནས་དགོས་མཁོའི་བླང་བྱ་སྔར་བྱུང་མ་མྱོང་བ་ཆེས་མང་དུ་ཕྱིན་པར་བརྟེན། རང་བྱུང་ཁོར་ཡུག་གི་སྤུས་ཚད་ཞན་ཅིང་སྐྱེ་དངོས་སྐྱེ་འཕེལ་དང་འཚོ་གནས་ཀྱི་ནུས་པ་མུ་མཐུད་ནས་ཉམས་རྒུད་མགྱོགས་པོ་འགྲོ་ཡི་ཡོད་པ་རེད།

ལྷག་པར་མིའི་དགོས་མཁོ་དང་བྱས་ཉེས་ལ་བརྟེན་ནས་འགྲོ་བ་མི་གཙོས་པའི་སེམས་ཅན་དང༌། སྐྱེ་དངོས་རྩི་ཤིང་སོགས་ཀྱི་འཚོ་གནས་ལ་མེད་དུ་མི་རུང་བའི་རླུང་ཁམས་དང་འཐུང་ཆུའི་ནང་རྫས་སྐྱོན་མང་པོ་ཞིག་འདྲེས་ཡོད་པས། དེ་དག་ལ་བརྟེན་ནས་འཛམ་གླིང་གི་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བ་དང༌། མིའི་འཕྲོད་བསྟེན་བདེ་ཐང་ལ་དཀའ་ངལ་འཕྲད་པ། སེམས་ཅན་དང་སྐྱེ་དངོས་རྩི་ཤིང་སོགས་ཀྱི་སྐྱེ་འཕེལ་དང་འཚོ་གནས་ལ་རང་བཞིན་གྱིས་གནོད་སྐྱོན་ཐེབས་ཀྱི་ཡོད་པ་རེད། དེང་སང་འཛམ་གླིང་རྒྱལ་ཁབ་དང་སྐྱེ་འགྲོ་མང་པོས་འཛམ་གླིང་གི་གནམ་གཤིས་སྔོན་དང་མི་འདྲ་བར་ཉིན་རེ་བཞིན་འགྱུར་ལྡོག་ཕྱིན་ཏེ་ཆེས་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་དེ་རང་བཞིན་གྱིས་སེམས་འཚབ་ཆེན་པོ་བྱེད་དགོས་པ་ཆགས་ཤིང༌། དེས་རྐྱེན་པའི་ཆུའི་ཐོན་ཁུངས་དང་སྤུས་ཚད་ཕྱོགས་ཡོང་ནས་དཀའ་ངལ་འཕར་མ་འཕྲད་འགོ་ཚུགས་ཡོད། འཛམ་གླིང་སྲིད་པའི་གངས་རི་དང་འཁྱག་རོམ་ཁག་ཞུ་རྗེས་མཐའ་མའི་འབབ་ས་རྒྱ་མཚོ་ཡིན་པས། རྒྱ་མཚོའི་མཐོ་ཚད་ཡང་རང་བཞིན་གྱིས་རྒྱུན་དུ་འཕར་བཞིན་ཡོད་པར་བརྟེན་རྒྱ་མཚོ་དང་བར་ཐག་ཉེ་བའི་རྒྱལ་ཁབ་དང་གྲོང་ཁྱེར་འགའ་ཤས་ལ་ཆུ་ལོག་གིས་འཇིགས་པ་དང་གནོད་འཚེ་སོགས་ཡང་ཡང་ཡོང་གི་ཡོད་པ་རེད།

བོད་ཀྱི་སྐྱེ་ཁམས་རིག་པ་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར་ནང་གསལ་ལྟར་ན། འཛམ་གླིང་ནང་མི་འབོར་རྒྱ་ཆ་ ༦༠ ལྷག་རྒྱ་མཚོ་དང་བར་ཐག་སྤྱི་ལེ་ ༦༠ སར་འཚོ་གནས་བྱེད་ཀྱི་ཡོད་པ་དང༌། གནམ་གཤིས་མུ་མཐུད་ད་ལྟའི་མྱུར་ཚད་ལྟར་ཇེ་དྲོར་སོང་བ་ཡིན་ན། ཕྱི་ལོ་ ༢༠༥༠ ལོར་ཡས་མས་སུ་རྒྱ་མཚོའི་ཉེ་འགྲམ་གྱི་གྲོང་ཁྱེར་ཆེ་ཁག་ནེའུ་ཡོཀ་དང༌། ལོན་ཌོན། ཐོ་ཀྱོ། ཧྲང་ཧེ་སོགས་རྒྱ་མཚོས་བསྣུབ་པའི་ཉེན་ཁ་ཡོད་པ་མ་ཟད། ཕྱི་ལོ་ ༢༡༠༠ ལོར་ཉི་ཧོང་དང་ཧོ་ལན་ཌི་རྒྱལ་ཁབ་གཉིས་རྒྱ་མཚོས་ཡོངས་སུ་བསྣུབ་པའི་ཉེན་ཁ་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད་པ་རེད་ཅེས་འཁོད་འདུག

དེ་དག་ཚང་མ་ཡོང་རྐྱེན་དེ་འཛམ་གླིང་ནང་ཚན་རིག་ལག་རྩལ་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཡང་ཆེས་མྱུར་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་དང༌། དེ་བཞིན་བཟོ་གྲྭ་དང༌། གློག་ཁང་གསར་རྒྱག གྲོང་ཁྱེར་འཛུགས་སྐྲུན། གཏེར་ཁ་སྔོག་འདོན། ཤིང་ནགས་གཅོད་འབྲེག་སོགས་བྱས་དྲགས་པའི་དབང་གིས་ཆུ་དང་རླུང་ཁམས་ལ་རྫས་སྐྱོན་ཐེབས་ཏེ་སའི་གོ་ལའི་དྲོད་ཚད་ཇེ་མཐོ་དང༌། ལྷག་པར་རང་བྱུང་ཁོར་ཡུག་ལ་སྔར་ལས་ལྷག་པའི་གནོད་འཚེ་ཚབས་ཆེན་ཕོག་གི་ཡོད་པ་མི་རྣམས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་ནའང་རང་བྱུང་ཁོར་ཡུག་ལ་གཅེས་སྤྲས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་ཡོང་བར་ཡར་ཐོན་འཕྲུལ་ལས་ཅན་གྱི་རྒྱལ་ཁབ་ཁག་གི་གཙོས་འཛམ་གླིང་རྒྱལ་ཁབ་ཁག་དང༌། ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་དང་སྒྲིག་འཛུགས་ཁག མི་སྒེར་བཅས་ཀྱི་ལས་དོན་འདིའི་ཐོག་ལ་རང་བཞིན་གྱིས་འཐུས་ཤོར་འགྲོ་ཡི་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ཚང་མས་ཁུར་མཉམ་ལས་དང་དོ་སྣང་བྱེད་དགོས་པ་ནི་དེང་སྐབས་རྒྱལ་སྤྱིའི་ནང་གནད་དོན་ཆེན་པོ་ཞིག་ཆགས་ཡོད་པ་རེད།།

ཐེངས་ 42202 བཀླགས་འདུག