Donate

ས་སྲུང་བོད་མི་ཚོར་རྒྱ་ནག་ཉེན་རྟོག་པས་གཅར་རྡུང་བཏང་བ།

རྒྱ་ནག་ཉེན་རྟོག་པས་མདོ་སྨད་ཡ་རྫི་བསེ་ཅིང་སྡེ་བའི་བོད་རིགས་བུད་མེད་དང་ལོ་ལོན་ཁག་ཅིག་ལ་གཅར་རྡུང་དྲག་པོ་བཏང་ཡོད་པ།Yaze in Tibet དེ་ཡང་བོད་ནང་གི་གནས་ཚུལ་ཡོངས་ཁུངས་ཤིག་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལབརྗོད་གནང་བ་ལྟར་ན། ཉེ་བའི་སྤྱི་ཟླ་བརྒྱད་པའི་ཚེས་༡༠ཉིན་མདོ་སྨད་ཡ་རྫི་རྫོང་པེ་ཀྲོང་ཡུལ་ཚོ་བསེ་ཅིང་སྡེ་བའི་ནང་གློ་བུར་དུ་ཡ་རྫི་རྫོང་གི་སྤྱི་བདེ་ཉེན་རྟོག་པ་དང་། དམིགས་བསལ་དམག་མི་སོགས་མི་གྲངས་བརྒྱ་ལྷག་ཡོང་ནས། བསེ་ཅིང་སྡེ་བའི་བུད་མེད་དང་། ལོ་ལོན་རྣམས་ཀྱིས་སྡེ་བ་དེ་རུ་གཞུང་ཕྱོགས་ནས་ཆུ་མཛོད་ཅིག་གསར་རྒྱག་བྱེད་རྩིས་ཡོད་པ་དེ་བཀག་འགོག་ཆེད་ཆུ་མཛོད་སྐྱིལ་སའི་ལུང་པའི་ས་སྲུང་ནས་བསྡད་ཡོད་པ་རྣམས། ལུང་ཁུག་ཅིག་ཏུ་བཀག་ནས་གཅར་རྡུང་ཚད་མེད་བྱས་ཡོད་པ་མ་ཟད། མི་ཁ་ཤས་བཀག་ཉར་ཡང་བྱས་ཡོད་ཟེར།
དེ་བཞིན་ཉིན་གཉིས་སྟེ་ཚེས་༡༡ཉིན། བསེ་ཅིང་སྡེ་བའི་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཡ་རྫི་རྫོང་སྲིད་གཞུང་སྒོ་མདུན་དུ་ཕྱིན་ནས། ཉིན་གང་པོར་ཟ་མ་ཡང་མ་ཟོས་བར་མགོ་ཁྲིད་ལ་གནས་ཚུལ་ཡར་ཞུ་ཆེད་སྒུག་བསྡད་ཀྱང་། རྫོང་གི་མགོ་ཁྲིད་ཀྱི་རླངས་འཁོར་ས་དེར་སླེབས་མ་ཐག་མང་ཚོགས་ཀྱི་དཀའ་སྡུག་འདྲི་རྒྱུ་ཕར་ཞོགས། མང་ཚོགས་དང་གཡོལ་ནས་ཐུག་འཕྲད་བྱས་མེད་པ་མ་ཟད། དཔོན་རིགས་ཁ་ཤས་མངག་ནས་མང་ཚོགས་ལ་གཤེ་གཤེས་བཏང་སྟེ་ཡ་ལན་སྤྲོད་མཁན་བྱུང་མེད་ཟེར།
གནས་ཚུལ་དེའི་བྱུང་རྐྱེན་ནི། ཡ་རྫི་རྫོང་གི་བསེ་ཅིང་སྡེ་བ་ནས་ལོ་མང་སྔོན་ནས་གཞུང་གི་དཔོན་རིགས་དང་། ནང་ལོག་གི་ཚོང་བ་མཉམ་འབྲེལ་གྱིས་ཁྲིམས་འགལ་གྱིས་གསེར་དང་ཟངས་ཀྱི་གཏེར་ཁ་བསྔོག་ནས་ས་གནས་མང་ཚོགས་ལ་དཀའ་ངལ་ཆེན་པོ་བཟོས་ཡོད་པ་དང་། ན་ནིང་ནས་ཡང་བསྐྱར་ས་གནས་དེ་ནས་ཆུ་མཛོད་ཅིག་བཟོ་སྐྲུན་གྱི་འཆར་གཞི་འཐེན་པར་ས་གནས་མང་ཚོགས་ཀྱིས་མོས་འཐེན་མ་བྱས་བར་བཀག་འགོག་བྱས་པའི་རྐྱེན་གྱིས་ད་བར་ལས་གཞི་དེ་ལག་ལེན་བྱེད་ཐུབ་མེད་ལ། ད་ལོ་ལོ་སར་རྗེས་ནས་བཟུང་། བསེ་ཅིང་སྡེ་བའི་སྐྱེས་བ་ཚོས་ནམ་རྒྱུན་རེས་མོས་ཀྱིས་ས་ཁུལ་དེ་བསྲུང་ནས། ས་གནས་གཞན་གྱི་མི་ཡོང་དུ་བཅུག་མེད་ནའང་ཉེ་ཆར་སྟོན་ལས་སོགས་ཀྱི་རྐྱེན་གྱིས་སྐྱེས་པ་མང་པོ་ཞིག་སྡེ་བའི་ནང་བསྡད་མེད་པས། བུད་མེད་དང་ལོ་ལོན་ཁ་ཤས་ཀྱིས་ས་བསྲུང་བའི་སྐབས་དང་བསྟུན་ནས་ཡ་རྫི་རྫོང་གི་སྤྱི་བདེ་ཉེན་རྟོག་པ་སོགས་སླེབས་ཏེ་གོང་བརྗོད་མང་ཚོགས་གཅར་རྡུང་མནར་སྤྱོད་བཏང་བ་ཡིན་འདུག
ས་གནས་དེར་གཏེར་ཁ་བསྔོག་འདོན་དང་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེར་གོང་རིམ་ནས་ཆོག་མཆན་གང་ཡང་མེད་ནའང་། ས་གནས་དཔོན་རིགས་དང་ནང་ལོག་གི་རྒྱ་རིགས་ཚོང་བ་ངན་པ་ལག་འབྲེལ་གྱི་བྱ་སྤྱོད་ཅིག་ཡིན་པ་མང་ཚོགས་ནས་བརྗོད་བཞིན་ཡོད། བསེ་ཅིང་སྡེ་བའི་མང་ཚོགས་རྒྱལ་ནང་གི་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་དེར་དོ་སྣང་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།
བསེ་ཅིང་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་པེ་ཀྲོང་ཡུལ་ཚོའི་ནང་ཡོད་པའི་བོད་རིགས་སྡེ་བ་ཞིག་ཡིན་པ་དང་། སྡེ་བ་དེར་ཡ་རི་དང་མ་རི། འོད་སྐོར་། བཀག་བརྡ། ཏོ་བོ། སྔགས་ས་ཚང་། ཁྱུང་ཉིན་བཅས་ཚོ་བ་དྲུག་གིས་གྲུབ་པ་དང་། མི་གྲངས་བཞི་སྟོང་ལྷག་ཡོད་པ་གནས་ཚུལ་ཡོང་ཁུངས་ནས་འགྲེལ་བརྗོད་གནང་ཡོད།

གནས་ཚུལ་ཡོང་ཁུངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 

ཐེངས་ 42173 བཀླགས་འདུག