Donate

རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆུ་ལོག་གི་རྐྱེན་གྱིས་མི་༧༣ འདས་གྲོངས།

ཕྱི་ལོ་༢༠༡༨ཟླ་༨ཚེས་༡༦ཉིན་བོད་ཀྱི་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན།  རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་ར་ལ་ནང་ཆར་པ་ཤུགས་དྲག་བབས་ནས་ཆུ་ལོག་བརྒྱུགས་སྟབས། ད་ལྟའི་ཆར་ཉུང་མཐར་མི་༧༣ འདས་གྲོངས་སུ་སོང་ཡོད་འདུག

། ཉེ་ཆར་ནས་བཟུང་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་ར་ལ་ནང་ཆར་པ་ཤུགས་དྲག་བབས་ནས་ཆུ་ལོག་བྱུང་བ་དང་། ཉུང་མཐར་མི་༧༣ འདས་གྲོངས་སུ་སོང་ཡོད་ཁར། མི་༨༥,༠༠༠ ལྷག་རང་གནས་ནས་སྤོ་དགོས་ཐུག་ཡོད་འདུག མངའ་སྡེའི་ནང་གི་གནམ་ཐང་ཡང་སྒོ་རྒྱག་དགོས་ཁེལ་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༡༥ ཉིན་གཅིག་པུར་ཉུང་མཐར་མི་༢༥ འདས་གྲོངས་སུ་ཤོར་ཡོད་འདུག གཞན་ཡང་མངའ་སྡེའི་རྫོང་ཁག་༡༤ ནང་གི་སློབ་གྲྭ་ཡོངས་རྫོགས་སྒོ་བརྒྱབ་ཡོད་པ་མ་ཟད། རྫོང་ཁ་ཤས་ནས་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཚིགས་ཁག་ཀྱང་སྒོ་བརྒྱབ་ཡོད་འདུག

དེ་ཡང་འདས་གྲོངས་སུ་ཤོར་བའི་ཁྲོད་ནས་མང་ཆེ་བ་ནི་ས་རུད་ལས་བྱུང་བའི་ས་རྡོ་ཞིག་རོ་རྣམས་ཀྱི་འོག་ཏུ་གཙིར་གནོན་བྱས་ཡོད་སྐོར་མངའ་སྡེ་གཞུང་གིས་བརྗོད་ཡོད་འདུག་ཅིང་། ས་རུད་དེ་དག་ནི་ཆར་རྒྱུན་དྲག་པོ་བབས་པ་ལས་བྱུང་བ་ཞིག་ཡིན་འདུག

ད་ལྟའི་ཆར་ཉེན་སྐྱོབ་རུ་ཁག་གིས་ཛ་དྲག་མྱུར་སྐྱོབ་བྱེད་མུས་ཡིན་འདུག་ཅིང་། རྒྱ་གར་དབུས་གཞུང་གིས་ཉེན་སྐྱོབ་རུ་ཁག་འཕར་མ་མངགས་ཡོད་འདུག་པ་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པཱི་ན་ར་ཡིས་གསར་འགོར་པར་“ད་ལྟ་ང་ཚོར་ཀེ་ར་ལའི་ལོ་རྒྱུས་ནང་དེ་སྔོན་བྱུང་མྱོང་མེད་པའི་གནས་ཚུལ་ཞིག་བྱུང་སོང་”ཞེས་བརྗོད་ཡོད་འདུག དེ་བཞིན་གནས་ཚུལ་འདིའི་ཐོག་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་“ད་ནང་ཞོགས་པར་ཀེ་ར་ལའི་སྤྱི་ཁྱབ་བློན་ཆེན་པཱི་ན་ར་ཡི་དང་ལྷན་དུ་སླར་ཡང་སྐད་ཆ་བྱུང་། ང་ཚོས་མངའ་སྡེའི་ནང་ཆུ་ལོག་གི་གནས་སྟངས་སྐོར་གྲོས་བསྡུར་བྱས་ཡིན། མངའ་སྡེའི་ནང་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་བདེ་སྲུང་ལྷན་ཁང་ལ་རེ་སྐུལ་ཞུས་ཡོད། ཀེ་ར་ལ་མངའ་སྡེའི་མི་མང་གི་བདེ་འཇགས་ཡག་པོ་ཡོང་བའི་སྨོན་འདུན་ཡོད་”ཅེས་སྤྱི་ཚོགས་དྲ་ལམ་ཊུ་ཊེར་བརྒྱུད་སྤེལ་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

ཐེངས་ 42283 བཀླགས་འདུག