རྒྱ་ནག་གི་ཆུ་རགས་ལ་བརྟེན་ནས་མི་མང་ལ་ཆུའི་དཀའ་ངལ་འཕྲད་རྒྱུ་རེད
ཉམས་ཞིབ་པ་མེ་དྷི་ལིན་ལེ་ཕོ་ལེ་ཞེས་པས་བོད་ཀྱི་གཙང་པོར་རྒྱ་ནག་གི་ཆུ་རགས་ཀྱི་ལས་གཞི་བསྐྲུན་པའི་རྐྱེན་གྱིས་ ༢༠༢༥ ནང་ཚུན་དུ་འཛམ་གླིང་གི་མི་ཐེར་འབུམ་ ༡.༨ ལ་ཆུའི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བཤད་ཡོད་རེད་ཅེས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཚེ་ལྷས་བརྗོད་སོང་།
ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོར་དྷ་ས་མེག་གྷན་གཙུག་ལག་ཁང་གི་འཁྲིས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་འཛམ་གླིང་ཆུའི་ཉིན་མོ་དང་སྟབས་བསྟུན། བོད་ཀྱི་གཙང་པོའི་གལ་གནད་ཐོག་གོ་རྟོགས་སྤེལ་ཕྱིར་བསྒྲགས་གཏམ་དང་། མཚན་རྟགས་བསྡུ་རུབ། ཁ་པར་གཏོང་འཇུག་པ་བཅས་ཀྱི་ཐོག་ནས་ལས་འགུལ་ཞིག་སྤེལ་ཡོད་པ་རེད། ལས་འགུལ་གྱི་རྣམ་པ་ནི་ཁ་པར་གཏོང་བཞིན་པའི་འདྲ་རིས་ཤིག་ཤོག་བྱང་ཆེན་པོ་ཞིག་གི་སྟེང་བྲིས་ཡོད་པ་དང་། འདྲ་རིས་སྟེང་གི་ཁ་པར་ཨང་གྲངས་ཐོག་མི་སུས་ཁ་པར་གཏོང་ཙམ་བྱས་ན། དེའི་ཁ་པར་ནང་བོད་ཀྱི་གཙང་པོའི་གལ་གནད་འཁོད་པའི་འཕྲིན་ཐུང་ཞིག་འབྱོར་གྱི་ཡོད་པ་དང་། ལས་འགུལ་དེ་དྲ་རྒྱ་ཐོག་སྤེལ་འགོ་བཙུགས་ནས་བདུན་ཕྲག་གཅིག་ཙམ་གྱི་རིང་ལ་མི་ ༡༠༠ ལྷག་ནས་ཁ་པར་འབྱོར་ཟིན་ཡོད་པ་རེད་ལ། དེ་རིང་ཉིན་གང་དངོས་སུ་ལས་འགུལ་སྤེལ་བ་བརྒྱུད་མི་མང་པོ་ཞིག་ལ་གོ་རྟོགས་སྤེལ་ཐུབ་པའི་རེ་བ་བྱེད་ཀྱི་འདུག
ལས་འགུལ་དེའི་སྐོར་རྒྱ་གར་བོད་རང་བཙན་སློབ་ཕྲུག་པའི་ཚོགས་གཙོ་བསྟན་འཛིན་ཚེ་ལྷས་བོད་རྒྱ་ནག་གི་མངའ་འོག་ཏུ་བསྡུ་བའི་དམིགས་ཡུལ་གཅིག་ནི། འཛམ་གླིང་གི་རྒྱལ་ཁབ་མང་པོའི་ཆུའི་འབྱུང་ཁུངས་བོད་ལ་ཐུག་ཡོད་པས་ཡིན་པ་དང་། དེ་བཞིན་རྒྱ་ནག་གིས་ ༢༠༡༦ ནས་ ༢༠༢༠ བར་ལོ་ལྔའི་རིང་ལ་བོད་ཀྱི་གཙང་པོ་རྣམས་སུ་ཆུ་རགས་ཆེན་པོ་ ༧ རྒྱག་རྒྱུའི་ལས་གཞི་སྤེལ་གྱི་ཡོད་སྐོར་གྱི་ཡིག་ཆ་བཀྲམ་ཡོད་སྟབས། ཆུ་རགས་དེ་དག་ལ་བརྟེན་ནས་བོད་གཅིག་པུ་མ་ཡིན་པར་རྒྱ་གར་གཙོས་པའི་ཨེ་ཤི་ཡའི་རྒྱལ་ཁབ་མང་པོར་ཆུའི་དཀའ་ངལ་འབྱུང་གི་ཡོད་པ། ཉམས་ཞིབ་པ་མེ་དྷི་ལིན་ལེ་ཕོ་ལེས་རྒྱ་ནག་གི་ཆུ་རགས་ ༧ གྱིས་རྐྱེན་གཙོ་བོར་བྱས་ཏེ་ ༢༠༢༥ ནང་ཚུན་དུ་འཛམ་གླིང་གི་མི་ཐེར་འབུམ་ ༡.༨ ལ་ཆུ་ཉུང་དྲགས་ནས་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱི་ཡོད་སྐོར་བཤད་ཡོད་པ། ལ་ཝོ་སི་དང་། ཁོམ་བྷོ་ཊི་ཡ། ཐའེ་ལན་ཌི། ཝེ་ཏི་ནམ་བཅས་ཀྱིས་ཚོགས་ཆུང་ཞིག་བཙུགས་ནས་བོད་ནས་བཞུར་བཞིན་པའི་རྫ་ཆུ་སྐྱོབ་ཕྱིར་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པས་དེར་རྒྱལ་སྤྱིའི་ཐོག་ནས་རྒྱལ་ཁ་ཤུགས་ཆེན་པོ་ཐོབ་ཡོད་སྐོར། ལས་འགུལ་དེ་ནང་བཞིན་རྒྱ་གར་དང་བྷང་ལ་ལྡེ་ཤིས་ཀྱང་ཚོགས་ཆུང་ཞིག་བཙུགས་ནས་ཡར་ཀླུང་གཙང་པོའི་ཐོག་ལས་འགུལ་ཞིག་སྤེལ་ཐུབ་ན་ཁོ་རང་ཚོར་ཆུའི་དཀའ་ངལ་མི་འཕྲད་པའི་ཁར་ང་ཚོ་བོད་ཀྱི་ཆུ་སྲུང་སྐྱོབ་ཐུབ་བའི་དགེ་མཚན་ཡོད་པས། རྒྱ་གར་དང་བྷང་ལ་ལྡེ་ཤིས་ལས་འགུལ་དེ་འདྲ་ཞིག་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་། དེ་བཞིན་མོས་ད་ཐེངས་ཙམ་མ་ཡིན་པར་ལོ་སྔོན་མ་ལ་ཡང་ལས་འགུལ་དེ་སྤེལ་ཡོད་སྐོར་དང་། ད་ཐེངས་ཀྱི་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་ནི་བོད་ཀྱི་ཆུ་བོ་ཁག་ལས་གཙོ་བོ་ཡར་ཀླུང་གཙང་པོ་དམིགས་སུ་བཀར་ནས་ལས་འགུལ་སྤེལ་བ་ཞིག་ཡིན་སྐོར་སོགས་བརྗོད་སོང་།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
བོད་ཀྱི་བང་ཆེན་ལས་དྲངས།
ཐེངས་ 42332 བཀླགས་འདུག