Donate

མི་འབོར་འཕེལ་རྒྱས་ཀྱིས་རང་བྱུང་ཁོར་ཡུག་ལ་གནོད་འཚེ།

གནའ་སྔ་མོའི་དུས་སུ་འགྲོ་བ་མིའི་གྲངས་འབོར་ཉུང་བ་དང་བཟོ་ལས་རིག་རྩལ་འབྲིང་ཙམ་ཡིན་པའི་སྐབས་སུ་ཁོར་ཡུག་ལ་གནོད་སྐྱོན་དེ་ཙམ་ཆེན་པོ་ཡོང་གི་མེད་པ་དང༌། དཔེར་ན་ལོ་ཁྲི་གཅིག་སྔོན་ལ་འཛམ་གླིང་གི་མི་འབོར་ས་ཡ་ལྔ་ལྷག་ཙམ་ལས་མེད་པ་དང༌། དེ་རྗེས་ལོ་ངོ་ ༢༠༠༠ ནང་དུང་ཕྱུར་གཅིག་ལྷག་ཙམ་འཕར་སྣོན་བྱུང་ཡོད་ཅིང༌། དེ་བཞིན་ཕྱི་ལོ་ ༡༩༥༠ ནས་བརྩིས་པའི་ལོ་ངོ་ ༣༠༠ གོང་དུ་འཛམ་གླིང་མི་འབོར་དུང་ཕྱུར་ལྔ་ལ་ཆགས་ཡོད་པ་དང༌། ཕྱི་ལོ་༡༩༥༠ ལོར་འཛམ་གླིང་མི་འབོར་དེ་ཐེར་འབུམ་ ༢་༥། ཕྱི་ལོ་ ༡༩༩༠ ལོར་མི་འབོར་ཐེར་འབུམ་ ༥་༣། ཕྱི་ལོ་ ༢༠༠༥ ལོར་ཐེར་འབུམ་ ༦་༤ ཟིན་ཡོད་པ་རེད། དཔྱད་གཞིའི་ཡིག་ཆའི་ནང་གསལ་བ་ལྟར་ན་ལོ་རེར་འཛམ་གླིང་ནང་མི་འབོར་ས་ཡ་བཅུ་མིན་ཙམ་འཕར་སྣོན་འགྲོ་བཞིན་ཡོད་པས་ནགས་ཚལ་སྤྱི་ཆིང་ཁྲི་ ༡༧༠༠ ལྷག་གཅོད་འབྲེག་དང༌། ས་ཞིང་སྤྱི་ཆིང་ཁྲི་ ༦༠༠ ལྷག་བྱེ་ཐང་ཅན་དུ་འགྱུར་བཞིན་པ། ལོ་རེར་སྐྱེ་དངོས་རིགས་ ༥༠༠ ལྷག་རྩ་མེད་འགྲོ་བ། ལོ་རཻར་རྒྱ་མཚོའི་ནང་ལ་གད་སྙིགས་ཏུན་དུང་ཕྱུར་ ༢༠༠ ལྷག་འདོར་བཞིན་ཡོད་པ་སོགས་གསལ་འདུག དེ་བཞིན་འཛམ་གླིང་ནང་མི་འབོར་འཕེལ་རྒྱས་འགྲོ་བཞིན་པའི་དབང་གིས་འགྲོ་བ་མི་རྣམས་ཀྱིས་བདག་མེད་ས་གཞི་ལྷག་མ་རྣམས་སྔར་སྔོག་འདོན་དང༌། ཉམས་རྒུད། འབག་བཙོག་བཅས་ཀྱི་ཉེན་ཁ་མེད་པའི་ས་ཁུལ་དེ་དག་ཏུའང་བདག་བཟུང་དང་ཧམ་འཛུལ་བྱེད་བཞིན་ཡོད།

སའི་གོ་ལའི་དཀྱིལ་ཐིག་དང་ཉེ་བའི་ནགས་ཚལ་སྤྱི་དང་ལྷག་པར་དུ་ལྷོ་ཤར་ཨེ་ཤི་ཡའི་ཁུལ་དང་ལྷོ་ཨ་མི་རི་ཁའི་གླིང་ཆེན་ཨེ་མེ་ཛན་རྒྱུག་ཆུའི་གཡས་གཡོན་ས་ཁུལ་རྣམས་ཀྱི་ཤིང་ཆ་དང༌། སོ་ནམ་ཞིང་ལས། རྩྭ་ཐང༌། གཞིས་ས་གསར་སྐྲུན་བཅས་ཀྱི་ཆེད་དུ་ས་ཁུལ་དེ་དག་ཏུ་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚད་ལས་འདས་པ་གཏོང་གི་ཡོད། ཕྱི་ལོ་ ༡༩༨༠ ཙམ་ནང་ཚོད་དཔག་བྱས་པའི་གྲུབ་འབྲས་སུ་ནགས་ཚལ་ས་གཞི་དེ་རྣམས་སྐར་མ་གཅིག་ལ་ཨེ་ཀར་ ༥༠ ཙམ་རྩ་སྟོངས་འགྲོ་བ་དང༌། དེ་བཞིན་ལོ་གཅིག་ལ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༢༠༠༠༠༠ ལས་མང་བའི་ནགས་ཚལ་གཅོད་འབྲེག་བྱས་པའི་ཚད་གཞི་བཀོད་ཡོད། འོན་ཀྱང་ཕྱི་ལོ་ ༡༩༩༣ ལོར་བཅོས་མའི་རྒྱུ་སྐར་བརྒྱུད་ནས་ཐོབ་པའི་གྲངས་ཐོ་གཞིར་བཞག་བྱས་ན། ལྷོ་ཨ་མེ་རི་ཁའི་གླིང་ཆེན་ཨེ་མེ་ཛན་རྒྱུག་ཆུའི་ས་ཁུལ་གཅིག་པུ་ནས་ལོ་གཅིག་ལ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༥༠༠༠ རྩ་མེད་བཟོ་བཞིན་ཡོད་པའི་ར་སྤྲོད་བྱས་ཡོད།

སའི་གོ་ལའི་དཀྱིལ་ཐིག་དང་ཉེ་བའི་ས་ཁུལ་འདིའི་ཤིང་ནགས་རྩ་གཏོར་ཤུགས་ཆེན་བྱས་པ་ལ་བརྟེན་ནས་ཤིང་རིགས་ ༧༥༠༠༠༠ ལས་མང་བ་རྩ་སྟོངས་སུ་གྱུར་པ་མ་ཟད། ད་དུང་བཀག་སྡོམ་མ་བྱས་པར་གཅོད་འབྲེག་མུ་མཐུད་བྱས་ཚེ་ཤིང་རིགས་ས་ཡ་མང་པོ་རྩ་སྟོངས་སུ་་འགྱུར་ངེས་ཡིན་པ་དང༌། འཛམ་གླིང་ནང་མི་འབོར་བརྒྱ་ཆ་ཆེས་མང་པོ་བུད་ཤིང་ལ་བརྟེན་དགོས་ཤིང༌། དེའི་ཐོག་ནས་ཟས་དང༌། རྩི་ཤིང་སྨན་རྩ། ཚོས་དང༌། ཤིང་ཚི་ལ་སོགས་པའི་ཐོན་སྐྱེད་དེ་དག་རྩ་བརླག་འགྲོ་བའི་ཉེན་ཁའི་གནས་སུ་གྱུར་ཡོད་པ་རེད། གདོད་མའི་དུས་སུ་སའི་གོ་ལ་སྐམ་སའི་སུམ་ཆ་གཉིས་ནགས་ཚལ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། ད་ཆར་གདོད་མའི་ནགས་ཚལ་བརྒྱ་ཆ་ ༨༠ ཙམ་གཅོད་འབྲེག་དང་འབྲེལ་དང་རྩ་མེད་བཟོ་ཚར་ཡོད་པ་རེད།

ཉེ་བའི་ལོ་ཤས་ནང་ཚ་བའི་ས་ཁུལ་གྱི་ཤིང་ནགས་རིགས་སྐར་མ་གཅིག་ལ་སྤྱི་ཆིང་ལྔ་བཅུ་ལྷག་གཅོད་འབྲེག་བྱེད་ཡོད་པ་དང༌། སྤྱིར་འཛམ་གླིང་ནང་ལོ་རེར་ནགས་ཚལ་སྤྱི་ཆིང་ ༢༠༠༠ ལྷག་གཅོད་འབྲེག་བྱེད་ཡོད་པ་ཚད་གཞིར་བཀོད་ཡོད། རང་བྱུང་ཁམས་ཀྱི་སྣོད་བཅུད་ཀྱི་ཐོན་སྐྱེད་དག་མིའི་འདོད་རྔམ་དང་དགོས་མཁོ་ཁོ་ནར་བརྟེན་ནས་འཛམ་གླིང་ནང་རི་སྐྱེས་སྲོག་ཆགས་དང༌། སྐྱེ་དངོས་རྩི་ཤིང༌། གཏེར་ཁ་སོགས་མང་པོ་རྩ་སྟོངས་སུ་འགྱུར་ངེས་ཡིན་ཞིང༌། ལྷག་པར་དུ་བྱང་ཨ་མེ་རི་ཀའི་ནང་དུ་བདག་མེད་ས་ཁུལ་རྣམས་ཞིང་ས་རྒྱ་སྐྱེད་དང་འབག་བཙོག་རྒྱ་ཁྱབ་ཀྱི་ཉེན་ཚབས་ཅན་དུ་གྱུར་ཡོད་པ་དང༌། འཛམ་བུ་གླིང་གི་གླིང་ཆེན་ཚང་མའི་ནང་ས་གཞི་ཉིལ་ཟད་འགྱུར་ལྡོག་དར་ཁྱབ་འགྲོ་བཞིན་ཡོད་པས། དཔེར་ན། ས་གཞི་ཉིལ་ཟད་འགྱུར་ལྡོག་གིས་ཨ་རིའི་ཞིང་སའི་ཐོན་སྐྱེད་བརྒྱ་ཆ་ ༣༥ ཙམ་འཕྲོ་བརླག་གཏོང་གི་ཡོད། དེ་བཞིན་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནང་ཟས་གོས་དང་མེ་ཤིང་དགོས་མཁོ་ཆེ་རུ་འགྲོ་ཡི་ཡོད་པར་བརྟེན། ཤིང་ནགས་གཅོད་འབྲེག་དང་གྱེན་ཐུར་གཟར་པོའི་ས་གཞིར་སྟོན་ཐོག་འདེབས་ལས་བྱེད་དགོས་པས་ཉིལ་ཟད་འགྱུར་ལྡོག་ཚབས་ཆེན་དེ་འདྲ་ཡོང་རྐྱེན་ཆགས་ཡོད།

དཀའ་ངལ་དེའི་སྒང་ལ་བཟོ་གྲྭ་དང༌། ཆུ་རགས། གློག་ཁང་གསར་རྒྱག གྲོང་ཁྱེར་རྒྱ་སྐྱེད། གཞུང་ལམ་གསར་སྐྲུན་སོགས་ཀྱི་ཆེད་དུ་ས་གཞི་ཉིལ་ཟད་ཀྱི་དོན་རྐྱེན་ཆེ་རུ་འགྲོ་བ་དང༌། དེ་ཡང་ལོ་རེའི་ནང་ས་སྟེང་གི་ཞིང་ས་གཤིན་པོ་ཉུང་མཐར་ཊོན་ས་ཡ་ ༢༥ ཙམ་མེད་པ་ཆགས་ཀྱི་ཡོད་པ་དེས་འབྲུ་རིགས་ཊོན་ས་ཡ་ ༩ ཙམ་སྐྱེ་བར་འདེང་ངེས་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད། ས་གཞི་ཉིལ་ཟད་འགྱུར་ལྡོག་རྒྱ་ཁྱོན་ཕལ་ཆེར་ཕྱེད་ཀ་ཙམ་ནི། ཨ་རི་དང༌། སྔར་གྱི་ཨུ་རུ་སུ། རྒྱ་གར་དང༌། རྒྱ་ནག་བཅས་སུ་འོང་གི་ཡོད། དེ་བཞིན་ས་གཞི་ཉིལ་ཟད་འགྱུར་ལྡོག་དང༌། ཞིང་ས་དང་ཤིང་ནགས་མེད་པར་གྱུར་པ་བཅས་ཀྱིས་སའི་གཞའ་ཚན་འཇུ་རྒྱུའི་ནུས་པ་ཉམས་ཞན་དུ་འགྱུར་བ་མ་ཟད། རྒྱུག་ཆུ་དང༌། འཁྱིལ་ཆུ་དང༌། ཆུ་མཛོད་བཅས་ཀྱི་ནང་སྙིགས་བསགས་བྲག་རྡོ་བསགས་སྤུངས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད། གཞན་ཡང་ང་ཚོ་ལ་གང་འདྲ་བྱས་ནས་ས་གཞི་ཉིལ་ཟད་འགྱུར་ལྡོག་ཉུང་དུ་བཏང་བའི་ཐབས་ཤེས་ཡོད་ཀྱང་དེ་ཡང་འཛམ་གླིང་ཡོངས་ཀྱི་རྒྱུན་གནས་དཀའ་ངལ་ཞིག་ཆགས་ཡོད་ལ། གཙོ་བོ་ཞིང་པ་དང་ཨར་ལས་པ་རྣམས་ཀྱིས་དེ་ཉིད་མེད་པ་བཟོ་འདོད་བྱེད་ཀྱི་མེད་པས། ཚ་དྲོད་ཆེ་བའི་སའི་གོ་ལའི་གཡས་གཡོན་དང་ཚ་དྲོད་སྙོམ་པའི་ས་ཁུལ་གྱི་བདག་མེད་ས་གཞིའི་གཏོར་སྐྱོན་ལ་བརྟེན་ནས་སེམས་ཅན་དང་རྩི་ཤིང་མང་པོ་ཞིག་རྩ་སྟོངས་སུ་འགྲོ་རྒྱུ་ཡིན་པ་རེད།།

ཐེངས་ 42219 བཀླགས་འདུག