བྲི་བཞིན་པའི་མཚོ་དང་གཤེར་ས་ལས་དྲོད་ཁང་རླངས་རྫས་གློད་གཏོང་།
གལ་ཏེ་ཚ་དྲོད་འཕེལ་བཞིན་པའི་གནམ་གཤིས་ཀྱི་འགྲོས་འདི་ཉིད་རྒྱུན་མཐུད་ནས་བྱུང་བ་ཡིན་ན། ཁྱོན་ཡོངས་ཀྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་འབུམ་གསུམ་ཁྲི་ལྷག་ (༡༣༣ ,༠༠༠) ཟིན་པའི་བོད་མཐོ་སྒང་གི་ཆུ་གཙང་ལྡན་པའི་གཤེར་ས་ཆེན་པོ་འདི་ལས་སླ་པོར་དྲོད་ཁང་རླངས་རྫས་ཀྱི་འབྱུང་ཁུངས་ཤིག་ཏུ་འགྱུར་སྲིད། གཤེར་ས་སྐམ་འགྱུར་གྱི་རྐྱེན་ལས་ས་འོག་ནས་ཕྱིར་ཐོན་པའི་ནག་རྫས་འབར་རླངས་དང་། ན་རླངས། ཟེ་རླངས་བཅས་ཀྱིས་ལོ་རེའི་དྲོད་ཁང་རླངས་རྫས་གློད་གཏོང་གི་ཁྱོན་འབོར་ཇེ་ཆེར་གཏོང་བཞིན་ཡོད།
ཅིན་གྱིས་སྣེ་འཁྲིད་དེ་ཁོང་དང་ཁོང་གི་ལས་རོགས་ཚོས། རྨ་ཆུ་སྟོད་ནས་ས་ཐག་སྤྱི་ལེ་ ༧༠ སར་ཆགས་པའི་མཚོ་སྔོན་ཁུལ་གྱི་ཧུ་ཤི་ཛིའི་(Huashixia)གཏན་ཆགས་འཁྱགས་རིམ་ས་ཚིགས་སུ་ཉམས་ཞིིབ་བྱས་པ་ལྟར་ན། འཁྱགས་པར་སོབ་ཞུགས་པའི་ནམ་དུས་དེ། ཚ་མེད་ཀྱི་ཆུའི་གཤེར་ས་ཁག་ནས་ན་རླངས་མང་ཤོས་གློད་གཏོང་བྱེད་པའི་དུས་ཚོད་ཡིན་པ་ཤེས་རྟོགས་བྱུང་འདུག ཁོང་ཚོས་ལོ་རེའི་འཁྱགས་པར་སོབ་ཞུགས་པའི་ནམ་དུས་ཀྱི་ཉིན་གྲངས་ ༡༥ ༠ ནས་ ༢༡༠ བར་གྱི་དུས་ཡུན་ནང་། གཤེར་ས་དེ་དག་ནས་ན་རླངས་ཀྱི་ཁྱོན་འབོར་ཏུན་འབུམ་བརྒྱད་ཙམ་གློད་གཏོང་བྱེད་བཞིན་པའི་ཚོད་དཔག་བྱས་འདུག དེ་དང་ཕྱོགས་མཐུན་པའི་ཞིབ་འཇུག་གཞན་ཞིག་ཏུ། བོད་མཐོ་སྒང་གི་གཤེར་ས་ཁག་གིས་ལོ་རེར་ཟེ་རླངས་འཚོ་རླུང་གཉིས་ལྡན་ (NO2) གློད་གཏོང་བྱེད་པའི་འབོར་ཚད་དེ་ཏུན་གཉིས་ཁྲི་ཉི་སྟོང་ནས་གཉིས་ཁྲི་ལྔ་སྟོང་བར་ཡིན་པའི་ཚོད་དཔག་བྱས་འདུག མདོར་ན། གོ་ལའི་ཚ་དྲོད་འཕེལ་རྒྱུའི་ནུས་པ་ཅན་གྱི་ན་རླངས་དང་ཟེ་རླངས་འཚོ་རླུང་གཉིས་ལྡན་གྱི་ཆ་ནས་བཤད་ན། བོད་མཐོ་སྒང་གིས་ཕལ་ཆེར་ལོ་རེར་ནག་རྫས་འབར་རླངས་ཏུན་ས་ཡ་ ༢༦ ཙམ་རླུང་ཁམས་ནང་གློད་གཏོང་བྱ་རྒྱུ་ཡིན་པ་དང་། ད་དུང་གཏན་ཆགས་འཁྱགས་རིམ་སོབ་ཏུ་འགྲོ་རྒྱུ་དེ་སྔ་རུ་ཕྱིན་པ་དང་དུས་ཡུན་རིང་དུ་ཕྱིན་པའི་གནས་སྟངས་བྱུང་ཚེ། གོང་གསལ་ནག་རྫས་འབར་རླངས་གློད་གཏོང་གི་ཚད་གཞི་མཐོ་རུ་འགྲོ་ངེས་ཡིན།
བོད་མཐོ་སྒང་གི་གཤེར་ས་ཁག་ནས་ལོ་རེར་གློད་གཏོང་བྱས་པའི་ཟེ་རླངས་དང་ནག་རྫས་འབར་རླངས་མི་ཊར་གྲུ་བཞི་མ་རེར་གྷ་རམ་ ༣༡༦ .༠༢ ཙམ་དང་། ན་རླངས་བཅས་ཀྱི་དྲོད་ཁང་རླངས་རྫས་ཁག་གི་ཁྱོན་འབོར་ཕྱོགས་སྡོམ་བྱེད་པའི་སྐབས། ཀར་བོན་གློད་གཏོང་བྱས་པའི་ཚད་གཞི་དེ་ཧ་ལམ་ཏུན་ས་ཡ་ ༦༨ ཙམ་ཟིན་པའི་འབོར་ཚད་འདི། རྒྱ་ནག་ནང་གི་ཉིན་རེར་སྤྱི་ལེ་༥༠ ཙམ་འགྲུལ་བཞུད་བྱེད་པའི་རླངས་འཁོར་༼སྤྱི་ལེ་རེར་ནག་རྫས་འབར་རླངས་གྷ་རམ་ ༢༡༢ གློད་གཏོང་བྱེད་མཁན།༽ས་ཡ་བཅུས། དུས་ཡུན་ཟླ་བ་གཉིས་ནང་གློད་གཏོང་བྱས་པའི་ཀར་བོན་གྱི་ཁྱོན་འབོར་དང་ཧ་ལམ་གཅིག་མཚུངས་ཆགས་ཀྱི་ཡོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།
ཐེངས་ 42282 བཀླགས་འདུག