བོད་མཐོ་སྒང་གི་འཁྱགས་རོམ་རྒུད་ཟད།
ད་ལྟ་འབྱུང་བཞིན་པའི་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་བོད་ནང་གི་འཁྱགས་རོམ་ཧ་ཅང་མང་པོ་ཞིག་རྒུད་ཟད་དུ་འགྲོ་བཞིན་ཡོད། ཆེས་ཉེ་དུས་སུ་ཉམས་ཞིབ་བྱས་པ་ཞིག་གི་ནང་བཀོད་པ་ལྟར་ན། སྤྱིར་འཁྱགས་རོམ་ལ་གནོད་སྐྱོན་གཏོང་བའི་རྒྱུ་རྐྱེན་གཞན་དུ་མ་ཡོད་ཀྱང་། གནོད་ཚབས་ཆེ་ཤོས་ནི་བཤད་མ་ཐག་པའི་རླུང་ཁམས་ཀྱི་ཚ་དྲོད་འཕར་བཞིན་པའི་གནས་སྟངས་དེ་ཡིན་ཅིང་། ད་དུང་རླུང་ཁམས་ཀྱི་ཚ་དྲོད་དེའི་ཐོག་ཁ་བ་འབབ་ཚད་ཉུང་བ་དང་ཆར་ཞོད་ཆེ་བའི་གནས་སྟངས་འདི་ནི།འཁྱགས་རོམ་བཞུར་ཟད་དུ་འགྲོ་བའི་རྒྱུ་རྐྱེན་ཚབས་ཆེ་ཤོས་དེ་ཡིན་པ་བཤད་ཡོད། ད་དུང་གནད་དོན་གཞན་ཐོག་ནས་བཤད་ན། ཁ་བ་འབབ་ཞོད་ཆུང་དུ་ཕྱིན་པ་དང་། ཆར་ཞོད་ཆེ་རུ་ཕྱིན་པ་འདིས། ཉི་འོད་ལྡོག་འཕྲོའི་ནུས་པ་ཉམས་པའི་རྗེས་འབྲས་སུ་ཉི་མའི་ཚ་དྲོད་བསྡུ་ལེན་བྱེད་ཚད་མཐོ་བ་དང་འཁྱགས་རོམ་བཞུར་ཚད་མང་དུ་འགྲོ་བ་ཡིན། རྒྱ་རིགས་ཚན་རིག་པ་ཚོས་ཀྱང་དུས་རབས་འདི་རྫོགས་མཚམས་སུ་ད་ལྟའི་འཁྱགས་རོམ་གྱི་སུམ་ཆ་གཉིས་རྩ་སྟོངས་སུ་འགྲོ་རྒྱུ་ཡིན་པ་སྔོན་དཔག་བྱས་ཡོད། ད་དུང་དེ་ལས་ཆེས་ལྷག་པའི་སེམས་ཁྲལ་བྱེད་དགོས་པའི་གནད་དོན་ཞིག་ནི། ཕྱི་ལོ་ ༡༩༥༠ ནས་བཟུང་བོད་མཐོ་སྒང་གི་གངས་རི་རྣམས་ཀྱི་སྟེང་དུ་གངས་ཀྱི་ཆགས་རིམ་གསར་པ་ཆགས་མི་ཐུབ་པ་དེ་ཡིན་པ་བཤད་ཡོད། སྐུ་ཞབས་ཅེན་ཆིའུ་ (Jane Qiu) ཡི་ཕྱི་ལོ་
༢༠༠༨ ལོའ་ིཉམས་ཞིབ་ལྟར་ན། བོད་མཐོ་སྒང་གི་འཁྱགས་རོམ་གྱི་བརྒྱ་ཆ་ ༨༢ ཙམ་ཞིག་འདས་པའི་ལོ་ལྔ་བཅུའི་ནང་རྒུད་ཟད་དུ་ཕྱིན་ཟིན་པ་བཤད་ཡོད། འདས་པའི་ལོ་ངོ་ ༤༠ རིང་བོད་མཐོ་སྒང་གི་འཁྱགས་རོམ་ཁག་སྤྱི་ལེ་གྲུ་བཞི་མ་ ༦༦ ༠༠ ཙམ་གཏན་བརླགས་སུ་ཕྱིན་ཡོད་ཅིང་། ཚོད་དཔག་བྱས་ན་ད་ལྟའི་ཆར་ལོ་རེར་བརྒྱ་ཆ་ ༧ ཙམ་བཞུར་སྟོངས་སུ་འགྲོ་བཞིན་ཡོད།
ཕྱི་ལོ་༢༠༠༦ ལོར་ཀོའུ་ (Gou) དང་ཁོང་གི་ལས་རོགས་ཚོས་ཆི་མུ་ཆུ་(Qiemuqu)ས་ཁུལ་དུ་ཤིང་གི་ལོ་རྟགས་ཨ་ལོང་གི་གྲུབ་སྟངས་ལ་དཔྱད་ཞིབ་བྱས་པ་ལས། ས་ཁུལ་དེའི་ཤིང་སྡོང་རྣམས་ཀྱིས་བོད་མཐོ་སྒང་གི་བྱང་ཤར་ཁུལ་གྱི་འཁྱགས་རོམ་གྱི་འགྱུར་ལྡོག་ཁག་གསལ་སྟོན་བྱེད་ཀྱི་ཡོད་པའི་རྣམ་གཞག་ཅིག་བཤད་ཡོད། ད་དུང་ཁོང་ཚོས་རིའི་མཐའ་ཟུར་དུ་ཆགས་པའི་འཁྱགས་རོམ་རྣམས་གནམ་གཤིས་འགྱུར་ལྡོག་གི་གནོད་ཚབས་
ཆེ་བ་ཡོད་པ་གསལ་སྟོན་བྱས་ཡོད་ཅིང་། དེ་ལྟར་གསལ་སྟོན་བྱས་པ་ནང་བཞིན་བོད་མཐོ་སྒང་གི་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་འཁྱགས་རོམ་རྣམས་བཞུར་སྐྱོན་ཆེ་བ་ཡོད་པ་དོ་སྣང་བྱུང་ཡོད།
གཞན་ཡང་ཕྱི་ལོ་ ༡༩༩༠ གོ་གྲངས་ནང་བྱུང་བའི་བོད་མཐོ་སྒང་གི་འཁྱགས་རོམ་ཁྱོན་ཡོངས་ཀྱི་ཚབས་ཆེ་བའི་ཉམས་རྒུད་དེ་ནི། ཕྱི་ལོ་ ༡༩༨༠
གྱ་གྲངས་ནས་བོད་མཐོ་སྒང་ཐོག་མུ་མཐུད་དེ་ཚ་དྲོད་ཇེ་ཆེར་ཕྱིན་པའི་གནས་སྟངས་ལ་འབྲེལ་བ་ཡོད་པ་བཤད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སེམས་ཁྲལ་ཆེན་པོའི་སྒོ་ནས་བོད་མཐོ་སྒང་གི་འཁྱགས་རོམ་རྣམས་འབྱུང་
འགྱུར་གྱི་ལོ་བརྒྱའི་ནང་གཏན་བརླགས་སུ་འགྲོ་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད། འཁྱགས་རོམ་བཞུར་བའི་གནས་སྟངས་དེས་གནས་སྐབས་རིང་ཆུའི་མཐུན་རྐྱེན་མང་དུ་འགྲོ་སྲིད་ཀྱང་། རིམ་བཞིན་འཁྱགས་རོམ་འདི་དག་ལ་བརྟེན་ནས་བྱུང་བའི་ཆུ་འགོ་རྣམས་སྐམ་ཆད་དུ་གྱུར་ཚེ། གཙང་ཚུའི་གནས་སྟངས་ལ་ཉེན་ཚབས་ཤིན་ཏུ་ཆེ་བའི་ཤུགས་རྐྱེན་ཐེབས་ངེས་པ་ཡིན། འདི་ལྟའི་འཁྱགས་རོམ་རྣམས་བཞུར་སྟོངས་སུ་འགྲོ་བ་དེས། བོད་མཐོ་སྒང་ཙམ་ལ་ཚབས་ཆེའི་རྐྱེན་ངན་འཕྲད་རྒྱུ་ཁོ་ན་མིན་པར། ལྷག་པར་ཆུའི་དགོས་མཁོ་ཡོངས་རྫོགས་མཐོ་སྒང་འཁྱགས་རོམ་འདི་དག་ལ་ལྟོས་མཁན་གྱི་རྒྱུག་ཆུ་འདི་དག་གི་བཞུར་རྒྱུད་ས་ཁུལ་དང་རྒྱལ་ཁབ་ཁག་ལ་ཉེན་ཚབས་ཤིན་ཏུ་ཆེ་བའི་གོད་ཆག་ཕོག་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་སྙན་ཐོའི་ནང་། གོ་ལའི་ཚ་དྲོད་འཕར་བའི་དབང་གིས་ཡར་ཀླུང་གཙང་པོ་དང་། སེངྒེ་ཁ་འབབ། རྨ་ཆུ། འབྲི་ཆུ། རྫ་ཆུ། རྒྱལ་མོ་དངུལ་ཆུ། ཀར་ནཱ་ལི་སོགས་ཨེ་ཤི་ཡའི་ཆུ་ཆེན་རྣམས་ཀྱི་འབྱུང་ཁུངས་སུ་གྱུར་པའི་ཧི་མཱ་ལ་ཡའི་འཁྱགས་རོམ་རྣམས་ཕྱི་ལོ་ ༢༠༣༥ ཚུན་ལ་བཞུར་སྟོངས་སུ་འགྲོ་སྲིད་པའི་སྐོར་བཀོད་ཡོད།
འདས་པའི་ལོ་ཤས་ནང་གི་འཁྱགས་རོམ་དང་གཏན་ཆགས་འཁྱགས་རིམ་བཞུར་བའི་གནས་སྟངས་ལ་བརྟེན་ནས་རི་ལྡེབས་རྣམས་མི་བརྟན་པར་སོབ་སོབ་ཏུ་འགྱུར་བའི་དབང་གིས་ས་རུད་བརྒྱབ་པའི་རྒྱུ་རྐྱེན་བྱས་ཡོད།
དཔེར་ན། བོད་ནང་གི་ས་རུད་ཆེན་པོ་ཞིག་གིས་རྐྱེན་བྱས་ཏེ་སཏ་ལུཇ་གཙང་པོའམ་རྨ་བྱ་ཁ་འབབ་ཆུ་ལག་ཕ་རི་ཆུ་བོ་ས་རྡོའིབཀག་བསྐྱིལ་གྱིས་བརྟན་པོ་མེད་པའི་རང་བྱུང་གི་ཆུ་རགས་ཆེན་པོ་ཞིག་ཏུ་གྱུར་བ་དང་། ཕྱི་ལོ་ ༢༠༠༠
དང་ ༢༠༠༥ ལོར་བོད་ནང་གི་འཁྱིལ་ཆུ་དེ་གློ་བུར་བཞུར་བརྡོལ་གྱིས་མིའི་འཚོ་ཐབས་དང་རྨང་གཞིའི་འཛུགས་སྐྲུན་གྱི་རིགས། ཆུ་རྒྱུད་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་དང་རྒྱུ་དངོས་སོགས་སྤྱི་ཡོངས་ལ་གཏོར་སྐྱོན་དང་
ཉམས་རྒུད་ཧ་ཅང་ཆེན་པོ་ཕོག་ཡོད། བྱེ་བྲག་ཏུ་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ཁུ་ནུ་དང་སིམ་ལ་རྫོང་ཁོངས་སུ་ཚབས་ཆེའི་གྱོང་གུན་ཕོག་ཡོད། དེ་དང་མཚུངས་པར་ཕྱི་ལོ་ ༢༠༠༠ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༩ ཉིན་བོད་ལྷོ་
ཤར་གྱི་ཛ་མུ་(Zhamu)འབབ་ཁའི་ས་ཁུལ་དུ་སྔོན་བྱུང་མྱོང་མེད་པའི་ས་རུད་ཆེན་པོ་ཞིག་བརྒྱབ་པ་དེའི་མཇུག་འབྲས་སུ་ཡར་ཀླུང་གཙང་པོའི་ཆུ་ཕྲན་ཡིད་འོང་གཙང་པོ་ས་རུད་ཀྱིས་བཀག་བསྐྱིལ་བྱས་པ་དང་། ལོ་དེ་གའི་ཕྱི་ཟླ་ ༧ པའི་ཚེས་ ༡༠ ཉིན་འཁྱིལ་ཆུ་དེ་ཉིད་གློ་བུར་དུ་བརྡོལ་བས་ཆུ་ལོག་རྒྱུག་པའི་རྐྱེན་གྱིས་མི་ ༣༠ ཤི་སྐྱོན་བྱུང་ཞིང་། མི་གྲངས་ ༡༠༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད། ཆུ་ལོག་འདིས་གཙང་ཆུ་འདི་ཉིད་རྒྱུགས་ཡུལ་རྒྱ་གར་ཤར་ཕྱོགས་ཀྱི་ཨ་རུ་ན་ཅལ་མངའ་སྡེའི་རྫོང་ཁག་ལྔའི་ནང་མི་འབོར་ལྔ་ཁྲི་ཙམ་སྡོད་ཁང་མེད་པར་བཏང་བ་དང་། ཟམ་ཆེན་ ༢༠ ལྷག་ཆུས་འཁྱེར་བ་མ་ཟད། ཆུ་རྒྱུད་ས་ཁུལ་གྱི་རྨང་གཞིའི་འཛུགས་སྐྲུན་གཞན་ཁག་ལའང་གཏོར་སྐྱོན་བཏང་ཡོད། སྐབས་དེའི་དཔལ་འབྱོར་གྱི་གྱོང་གུན་ཁྱོན་བསྡོམས་ཧིན་སྒོར་ཐེར་འབུམ་གཅིག་ཟིན་ཡོད་(ཨ་སྒོར་ས་ཡ་ ༢༢་༩)།
འཁྱགས་རོམ་གྱི་བཞུར་ཚད་ཇི་འདྲ་ཞིག་ཏུ་བསླེབས་ཡོད་མེད་ཇོ་མོ་གླང་མའི་བྱང་འདབས་ཀྱི་རོང་སྦུག་འཁྱགས་རོམ་གྱི་སྟེང་ནས་གསལ་པོར་མཐོང་ཐུབ། ཕྱི་ལོ་ ༡༩༦༦ ནས་ ༡༩༩༧ བར་གྱི་དུས་ཡུན་ནང་། འཁྱགས་རོམ་འདི་ཉིད་ཀྱི་དབུས་ངོས་ནས་མི་ཊར་ ༢༧༠ ཙམ་བཞུར་སྟོངས་སུ་ཕྱིན་ཡོད་ཅིང་། འཁྱགས་རོམ་གྱི་ཤར་ཕྱོགས་ནས་མི་ཊར་ ༡༧ ༠ དང་། ཡང་རྒྱང་རིང་ཤར་མཚམས་ནས་མི་ཊར་ ༢༣༠ བཞུར་སྟོངས་སུ་ཕྱིན་ཡོད། རོང་
སྦུག་འཁྱགས་རོམ་གྱི་ཤར་ཕྱོགས་སུ་ཡོད་པའི་རྒྱ་མཚོའི་ངོས་ནས་མི་ཊར་༥༦ ༠༠ མཐོ་ཚད་དུ་ཆགས་པའི་འཁྱགས་རོམ་ཞིག་ཕྱི་ལོ་ ༢༠༠༢ ལོར་ཐོ་འགོད་བྱས་པ་དེ་ད་ཆ་ཡོངས་རྫོགས་བཞུར་སྟོངས་སུ་ཕྱིན་འདུག
དེ་དང་མཚུངས་པར་བོད་ཤར་ལྷོའི་མཚམས་སུ་ཆགས་པའི་རྫིབུ་(Zepu)འཁྱགས་རོམ་དེ་ཡང་འདས་པའི་ལོ་བཅུ་ཕྲག་གསུམ་གྱི་རིང་མི་ཊར་ ༡༠༠ ལས་མང་བ་སྲབ་ཏུ་ཕྱིན་ཡོད། ཡང་ཉམས་ཞིབ་ཅིག་གི་ནང་བོད་མཐོ་སྒང་གི་དབུས་ཁུལ་གྱི་འཁྱགས་རོམ་ལས་མཐའ་ཟུར་གྱི་འཁྱགས་རོམ་ཁག་བཞུར་སྟོངས་སུ་འགྲོ་བའི་ཚད་གཞི་དེ་མྱུར་བ་ཡོད་སྐོར་བཀོད་འདུག འདས་པའི་ལོ་ངོ་༣༠ རིང་ཁུ་ནུ་རི་རྒྱུད་ཀྱི་ཤར་ཕྱོགས་སུ་ཆགས་པའི་འཁྱགས་རོམ་གྱི་གདོས་ཚད་བརྒྱ་ཆ་ ༡༧ བཞུར་སྟོངས་སུ་ཕྱིན་ཟིན་པ་དེ། བོད་དབུས་ཀྱི་ས་ཁུལ་དང་བསྡུར་ན་ཁུལ་དེའི་བཞུར་ཚད་ལྡབ་བཅུས་མཐོ་བ་ཆགས་ཀྱི་ཡོད་པ་བཤད་ཡོད། འཁྱགས་རོམ་བཞུར་ཚད་མྱུར་བའི་རྐྱེན་གྱིས་འཁྱགས་ཞུན་གྱི་མཚོ་བསྐྲུན་གྱི་ཡོད། ས་ཁུལ་ཆེས་མང་པོར་འཁྱགས་ཞུན་གྱི་མཚོ་རྣམས་འཁྱགས་རོམ་བཞུར་སྟོངས་སུ་གྱུར་སའི་ས་ཁུལ་དེ་རང་གི་ཞོལ་འདབས་སུ་ཆགས་ཀྱི་ཡོད། ཕྱི་ལོ་ ༢༠༠༩ ལོར་རྒྱལ་སྤྱིའི་རི་རྒྱུད་ཡར་རྒྱས་ཀྱི་མཉམ་འདུས་ལྟེ་གནས་ཁང་གིས་ཧི་མཱ་ལ་ཡའི་ཧིན་དུ་ཀུ་ཤའི་རི་རྒྱུད་ཀྱི་ཁྲོད་དུ་འཁྱགས་ཞུན་གྱི་མཚོ་ཆགས་པ་ ༨༧ ༩༠ ངོས་ཟིན་ཡོད།
འདི་དག་ལས་འཁྱགས་ཞུན་མཚོ་ ༢༠༤ ལ་འཁྱགས་ཞུན་མཚོ་རྡོལ་གྱི་ཆུ་ལོག་འབྱུང་རྒྱུའི་ཉེན་ཚབས་ཧ་ཅང་ཆེན་པོ་ཡོད་པ་ངོས་འཛིན་བྱས་ཡོད། འཁྱགས་ཞུན་མཚོ་རྡོལ་གྱི་གནས་སྟངས་འདི་དག་ནི་ངེས་བརྟན་མེད་པར་གློ་བུར་བ་དང་གཏོར་སྐྱོན་ཧ་ཅང་ཆེ་བ་ཡིན། ཕྱི་ལོ་ ༡༩༣༠ ནས་ ༢༠༠༢
བར་གྱི་དུས་ཡུན་ནང་བོད་རང་སྐྱོང་ལྗོངས་སུ་འཁྱགས་ཞུན་མཚོ་རྡོལ་གྱི་ཆུ་ལོག་ཐེངས་ ༡༥ བརྒྱབ་ཡོད། འདི་དག་གི་གྲས་ནས་འཁྱགས་ཞུན་མཚོ་རྡོལ་གྱི་ཆུ་ལོག་གི་དོན་རྐྱེན་དགུས་རྒྱ་གར་དང་། བལ་ཡུལ། འབྲུག་བཅས་སུ་ས་རོ་རྡོ་རོ་སོགས་མཉམ་བཞུར་གྱིས་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད། ཕྱི་ལོ་ ༢༠༠༣ ལོར་རྒྱལ་སྤྱིའི་རི་རྒྱུད་ཡར་རྒྱས་ཀྱི་མཉམ་འདུས་ལྟེ་གནས་དང་། རྒྱ་ནག་གི་གྲང་ངར་དང་སྐམ་ཤས་ཆེ་བའི་ས་ཁུལ་གྱི་ཁོར་ཡུག་ཚན་རིག་ལྟེ་གནས་ཁང་དང་། འཕྲུལ་ལས་ཉམས་ཞིབ་ཁང་།
དེ་བཞིན་བོད་ཀྱི་ཆུ་རིག་ལས་དོན་ལྷན་ཁང་བཅས་མཉམ་འབྲེལ་གྱིས་འབུམ་ཆུ་གཙང་པོའི་བཞུར་རྒྱུད་ས་ཁུལ་དུ་ཉམས་ཞིབ་ལས་འཆར་ཞིག་གཉེར་ཡོད།
ཉམས་ཞིབ་དེས་གསལ་སྟོན་བྱས་པར། ཕྱི་ལོ་ ༡༩༨༨ ལོའི་འབྲེལ་ཡོད་གནས་ཚུལ་ཕྱོགས་བསྡོམ་ལྟར་ན། བོད་ཆུ་དང་རོང་གཙང་པོའི་ཆུ་རྒྱུད་ས་ཁུལ་དུ་འཁྱགས་ཞུན་མཚོ་ ༢༣༠ ཡོད་པ་དེ་དག་གི་ཕྱོགས་བསྡོམས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༩,༠༠༠ ལྷག་ཙམ་ཟིན་གྱི་ཡོད་པ་བཤད་འདུག ད་ལྟའི་ཉམས་ཞིབ་འདིས་འཁྱགས་ཞུན་མཚོ་༣༥༤ ཡོད་པ་དེ་དག་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་ཁྲི་དྲུག་སྟོང་ཙམ་ཟིན་གྱི་ཡོད་པ་གསལ་འདུག ཞིབ་འཇུག་
ཡིག་ཆ་དེ་དག་གིས་འཁྱགས་རོམ་མཚོ་བཞུར་རྡོལ་གྱི་ཆུ་ལོག་སྐོར་ཉམས་ཞིབ་བྱས་ཡོད་པ་ངོས་ལེན་བྱས་ཡོད་ཀྱང་། ཧི་མཱ་ལ་ཡའི་ཧིན་དུ་ཀུ་ཤའི་རི་རྒྱུད་དུ་འཁྱགས་ཞུན་མཚོ་དང་འཁྱགས་མཚོ་བཞུར་རྡོལ་གྱི་ཆུ་ལོག་གི་དོན་རྐྱེན་སོགས་ཀྱི་ཞིབ་ཕྲའི་གནས་སྟངས་ད་ལྟའང་གསལ་རྟོགས་ཐུབ་མེད།
ཉེ་དུས་བོད་བྱང་ཤར་གྱི་མཚམས་སུ་ཆགས་པའི་བོད་ཀྱི་རི་རྒྱུད་གཙོ་གྲས་ཨ་མྱེས་རྨ་ཆེན་གྱི་འཁྱགས་རོམ་ཡང་བཞུར་བཞིན་པའི་གནས་ཚུལ་སྤེལ་ཡོད། ཕྱི་ལོ་ ༢༠༠༤ ལོའ་ིཕྱི་ཟླ་ ༣ ནང་འཁྱགས་རོམ་ལྷུང་བཞུར་གྱི་དམིགས་བསལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་འཁྱགས་རོམ་དང་བྲག་རྡོ། གངས་རུད་སོགས་གངས་རིའི་འདབས་ཞོལ་གྱི་ཆུ་སྔོན་གཙང་ཆུའི་ནང་ལྷུང་སྟེ། རྒྱུགས་ཆུ་བཀག་བསྐྱིལ་གྱིས་རང་བྱུང་གི་འཁྱིལ་ཆུ་ཆེན་པོ་ཞིག་
གྲུབ་པ་དེ། ཕྱི་ལོ་ ༢༠༠༥ ལོའི་ཕྱི་ཟླ་ ༧ པའི་ནང་ཁ་ཤོར་ཏེ་འཁྱགས་ཞུན་མཚོ་རྡོལ་གྱི་ཆུ་ལོག་ཏུ་གྱུར་ནས། རྒྱུགས་ཆུའི་བཞུར་རྒྱུད་ས་ཁུལ་དུ་གནས་སྡོད་ཡུལ་མི་དང་ས་ཁུལ་གཉིས་ཀར་ཚབས་ཆེན་གྱི་གནོད་སྐྱོན་ཕོག་ཡོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།
ཐེངས་ 42816 བཀླགས་འདུག