Donate

བོད་ནང་ཆུ་མཛོད་གས་འཐོར་གྱིས་གྲོང་སྡེ་གསུམ་ལ་གཏོར་སྐྱོན་བྱུང་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་ ༨ ཚེས་ ༢ ཉིན། ཡར་ཀླུང་གཙང་པོའི་ཆུ་མཛོད་ཅིག་གས་འཐོར་གྱིས་བཀྲ་ཤིས་སྒང་སྡེ་པའི་ཉེ་འགྲམ་གྱི་གྲོང་སྡེ་གསུམ་ལ་གཏོར་སྐྱོན་བྱུང་ཡོད་འདུག        རྒྱ་ནག་གཞུང་གི་ཤིན་ཧ་གསར་ཁང་གིས་ཆུ་ཤོར་བའི་གོད་ཆགས་དེའི་ཁྲོད་མི་གཅིག་ལའང་རྨས་སྐྱོན་བྱུང་མེད་ཀྱང་། ཧེཀཊར་ (hectare ས་ཁྱོན་འཇལ་ཚད་མི་ཊར་གྲུ་བཞི་མ་ཆིག་ཁྲིའི་ས་ཁྱོན་) ༡༠༠ བརྒྱ་ལྷག་གི་སྟོན་ཐོག་དང་ནགས་ཚལ་ལ་གཏོར་སྐྱོན་ཐེབས་ཡོད་པར་བསྒྲགས་འདུག་པ་དང་། གྲོང་མི་རྣམས་བཙན་གྱིས་ནང་ནས་ཐོན་བཅུག་ཡོད་འདུག ཤིན་ཧ་གསར་ཁང་གིས་བརྗོད་པར་གཞིག་ན། ཆུ་ལོག་དེ་ནི་བོད་ཀྱི་ཤར་ལྷོའི་ཕྱོགས་སུ་ཆར་པ་ཤུགས་ཆེར་བཏང་བ་ལ་བརྟེན་ནས་བྱུང་བ་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཆར་ཞོད་ཆེ་བའི་འདི་ལོའི་ཆར་དུས་ཀྱི་ཟླ་ ༧ པའི་མགོ་སྟོད་ཙམ་ནས་མི་ ༡༠༠ ལྷག་ཤི་བའམ་བརླགས་ཡོད་པར་གོང་གི་གསར་ཁང་དེའི་དྲ་བར་བཀོད་ཡོད་པ་དང་། རྒྱ་གཞུང་གི་ལས་བྱེད་མི་སྣས། སྔོན་བརྡ་གཏོང་དཀའ་བའི་གནམ་གཤིས་ཀྱི་འགྱུར་ལྡོག་འོག མང་ཚོགས་ཀྱིས་སོ་སོའི་བདེ་འཇགས་ཆེད་ཉེན་ཟོན་ལྷོད་མེད་བྱེད་དགོས་པའི་བརྡ་ཁྱབ་གསར་ལམ་ཁག་ཏུ་བཏང་ཞིང་། གནོད་འཚེ་ཐེབས་པའི་ས་ཁུལ་དུ་ཆུ་ལོག་སྔོན་འགོག་མི་སྣ་མངགས་ཡོད་འདུག

གསར་ལམ་གཞན་འགའ་ཤས་ནང་བཀོད་པར་གཞིགས་ན། ས་གནས་སྲིད་གཞུང་གིས་ཆུ་ལོག་གི་གནོད་སྐྱོན་དེའི་ཁྲོད། ཁྱོན་གྲོང་སྡེ་ ༩ ཡི་ནང་ཚད་རིམ་འདྲ་མིན་གྱི་གནོད་སྐྱོན་ཐེབས་ཡོད་སྟབས། གནོད་སྐྱོན་སྔོན་འགོག་བྱ་བའི་ཚོགས་ཆུང་ཆེད་འཛུགས་ཀྱིས། ས་གནས་ཀྱི་གནས་སྟངས་གོང་རིམ་ལ་ཡར་ཞུ་བྱས་ཡོད་ཚུལ་དང་། གནོད་འཚེ་ཐེབས་པའི་གྲོང་སྡེ་གསུམ་ནི་གཞི་ཀ་རྩེའི་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཡུལ་ཚོའི་མདོ་སྨོན་གྲོང་ཚོ་དང་། རྗེ་རོང་གྲོང་ཚོ། སྙིང་རི་གྲོང་ཚོ་བཅས་གསུམ་ཡིན་པར་བཤད་འདུག

ཐེངས་ 42205 བཀླགས་འདུག