གནམ་གཤིས་ཚ་དྲོད་ཀྱིས་བཟོས་པའི་ཚབས་ཆེའི་ཤུགས་རྐྱེན།
རེས་གཟའ་མིག་དམར་ཉིན་ཨ་རིའི་སྲིད་གཞུང་གིས་ཕོ་བྲང་དཀར་པོའི་ནང་གནམ་གཤིས་དཔྱད་ཞིབ་ཀྱི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཧ་ཅང་ཚབས་ཆེར་འབྱུང་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།
ཨ་རིའི་མཉམ་འབྲེལ་སྲིད་གཞུང་གིས་སྙན་ཐོ་དེའི་ཆེད་དུ་གནམ་གཤིས་ཆེད་མཁས་པ་དང་རྩོམ་པ་པོ། སྲིད་གཞུང་གི་དཔོན་རིགས་སོགས་མི་སྣ་བརྒྱ་གྲངས་ཤིག་གདན་ཞུས་བྱས་ཏེ་དཔྱད་ཞིབ་བྱས་ཡོད་པ་དང་། གནམ་དཔྱད་རིག་པར་བརྟེན་ནས་གནམ་གཤིས་ཀྱི་སྲིད་ཇུས་ལ་གལ་ཆེའི་རྒྱབ་རྟེན་མཁོ་སྤྲོད་བྱས་ཡོད་པ་རེད།
སྙན་ཐོའི་ནང་འཁོད་དོན། གནམ་གཤིས་དྲོད་འགྱུར་ནི་མ་འོངས་པའི་དཀའ་ངལ་ཞིག་མ་ཡིན་པར། ད་ལྟའི་གནད་དོན་ཞིག་ཡིན་པ་དང་། མི་མང་པོས་གནམ་གཤིས་འགྱུར་ལྡོག་གྱི་ཤུགས་རྐྱེན་དངོས་སུ་མྱོང་བཞིན་ཡོད། གནམ་གཤིས་འགྱུར་ལྡོག་ནི་རྩོད་མེད་དོན་དངོས་ཤིག་ཆགས་ཡོད་པ་དང་། འདས་པའི་ལོ་༥༠ རིང་གི་ཚ་དྲོད་མཐོར་ཕྱིན་པ་ནི་མིའི་རིགས་ཀྱི་ཆེད་དུ་བཟོས་པ་ཞིག་ཡིན་པ་དང་། ཚ་དྲོད་ག་ཚོད་མཐོར་ཕྱིན་ན་ཤུགས་རྐྱེན་དེ་ཙམ་གྱིས་ཚབས་ཆེ་ཞིང་། འདས་པའི་ལོ་བཅུའི་རིང་ཨ་རིར་རྒྱུན་ལྡན་མིན་གནམ་གཤིས་རྒྱུན་ཆད་མེད་པར་མཐོར་ཕྱིན་ཡོད། འདས་པའི་ལོ་ཤས་རིང་ཆུའི་གནོད་སྐྱོན་ཚབས་ཆེ་བྱུང་བ་དང་། ཨ་རིའི་ཤར་ལྷོའི་ཕྱོགས་སུ་རྒྱུན་རླུང་འཚུབ་རྒྱག་པ། ནུབ་ལྷོའི་ས་ཁུལ་དུ་སྐམ་ཤུགས་ཆེ་དྲག་པ་དང་མེ་སྐྱོན་བྱུང་བ་སོགས་ཚང་མ་གནམ་གཤིས་ཚ་དྲོད་ཅན་གྱི་འགྱུར་བའི་མཇུག་འབྲས་རེད།
དཔྱད་ཞིབ་སྙན་ཐོའི་ནང་། གནམ་གཤིས་ཧ་ཅང་ཚ་དྲོད་ལ་བརྟེན་ནས་མི་རྣམས་ཀྱི་བདེ་ཐང་ལ་གནོད་སྐྱོན་བཟོ་བཞིན་པ་མ་ཟད། མི་ཧ་ཅང་མང་པོ་ཞིག་ཚ་དྲོད་ཀྱིས་འཆི་བཞིན་ཡོད།
གློག་གཏོང་བའི་ཆེད་དུ་རྡོ་སོལ་ལེན་པ་དང་། རླངས་འཁོར་གྱིས་སྣུམ་བསྲེགས་པ། རང་བྱུང་གི་རླངས་གཟུགས། དེའི་ཁར་ནགས་ཚལ་གཅོད་བྲེག་དང་ཚན་རྩལ་ཞིང་ལས་སོགས། མིའི་རིགས་ཀྱི་ཁེ་ཕན་དང་སྟབས་བདེའི་ཆེད་དུ་བཟོས་པའི་རིགས་སྣ་ཚོགས་ཀྱིས་གནམ་གཤིས་ཚ་དྲོད་ཇེ་མཐོར་གཏོང་བཞིན་ཡོད་པ་རེད།
སྙན་ཐོ་དཔྱད་ཞིབ་དེའི་ནང་ཨ་རིའི་ས་ཁུལ་མི་འདྲ་བ་མང་པོ་དམིགས་སུ་བཀར་ཏེ། གོད་ཆག་རིགས་མི་འདྲ་བ་ལ་བརྟེན་ནས་བྱུང་བའི་ཤུགས་རྐྱེན་ལ་དཔྱད་ཞིབ་བྱས་ཡོད་པ་དང་། དེའི་ཁྲོད་དུ་མཚོ་ངོས་ཇེ་ཆེར། ཆུ་སྐྱོན་ཇེ་སྡུག རླུང་འཚུབ་ཇེ་མང་། ཤར་བྱང་ཕྱོགས་ཀྱི་ཆར་ཞོད་ཉུང་དུ་འགྲོ་བ་དང་ཚ་དྲོད་ཇེ་ཆེར། ཤར་ལྷོའི་ཕྱོགས་ཀྱི་ཆུ་དཀོན་པ་དང་རླུང་འཚུབ། ནུབ་ལྷོའི་ཕྱོགས་ཀྱི་ས་སྐམ་དང་མེ་སྐྱོན་སོགས་ཚུད་ཡོད་འདུག
སྙན་ཐོའི་ནང་བསྡོམས་རྩིས་བྱས་པའི་གྲངས་ཐོ་ལ་གཞིགས་ན། ཕྱི་ལོ་༢༠༠༠ ལོ་ནས་འགོ་བཙུགས་པའི་ལོ་༡༠ ནི་ལོ་རྒྱུས་ནང་གི་ཆེས་ཚ་དྲོད་ཆེ་ཤོས་ཀྱི་ལོ་༡༠ ཡིན་པ་དང་། ༢༠༡༢ ལོར་ཨ་རིའི་ལོ་རྒྱུས་ནང་གི་ཚ་དྲོད་ཆེ་ཤོས་ཀྱི་ཟིན་ཐོ་བརྟོལ་ཡོད། ཨ་རིའི་ད་ལྟའི་གནམ་གཤིས་དེ་ཕྱི་ལོ་༡༨༩༥ ལོ་དང་བསྡུར་ན་1.3 ནས་1.9 བར་མཐོར་ཕྱིན་ཡོད་ཅིང་། དེའི་ཁྲོད་ཀྱི་ཚད་མང་ཤོས་དེ་འདས་པའི་ལོ་༤༤ རིང་བྱུང་ཡོད་འདུག
ཡོང་ཁུངས་བོད་ཀྱི་བང་ཆེན།
ཐེངས་ 42258 བཀླགས་འདུག