Donate

གཏེར་ཁ་སྔོག་འདོན་ཆེད་《བོད་མི་རྣམས་གནས་སྤོ་བཏང་བ།》

ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༣ ཉིན་ཨིན་ཇིའི་བྷི་བྷི་སིའི་དྲ་ཚིགས་ཐོག བྷི་བྷི་སིའི་གསར་ཁང་གི་གནམ་གཤིས་དང་ཁོར་ཡུག་གི་གསར་འགོད་པ་སྐུ་ཞབས་ Navin Singh Khadka ནཱ་ཝིན་སིན་ཁཱ་དྷ་ལགས་ཀྱིས། 《ཉེ་བའི་ལོ་འགའི་ནང་བོད་ནང་ངོ་རྒོལ་ལས་འགུལ་ནི་གཏེར་ཁ་སྔོག་འདོན་ལ་ཐུག་ཡོད་ལུགས་ལས་འགུལ་བ་དང་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་གནང་ཡོད་》ཅེས་བཀོད་འདུག

སྐུ་ཞབས་ནཱ་ཝིན་སིན་ཁཱ་དྷ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་གསར་རྒྱག་ཆེད་བོད་མི་མང་པོ་ཞིག་ཁོང་ཚོ་རང་ཉིད་ཀྱི་ས་ཆ་ནས་གནས་སྤོ་གཏོང་བཞིན་པ་དང་། བོད་མིའི་དབུ་ཁྲིད་ཚོ་དང་ཉམས་ཞིབ་པ་ཚོས། གནས་ཚུལ་དེ་ནི་རྒྱ་ནག་གཞུང་གི་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ཟེར་བའི་སྲིད་བྱུས་དེའི་འོག འདས་པའི་ལོ་གའི་སྔོན་ནས་ལག་བསྟར་བྱེད་བཞིན་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད།

བོད་མི་རྣམས་རྒྱལ་ཁབ་གཞན་ལ་སྐྱབས་བཅོལ་དུ་འབྱོར་སྐབས་གནས་སྟངས་དེའི་ཐད་སྐྱོན་འཛུགས་དང་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་། དེ་སྔོན་བྷི་བྷི་སི་གསར་ཁང་གིས་རེ་སྐུལ་ལྟར་གནད་དོན་དེའི་སྐོར་རྒྱ་ནག་གཞུང་གིས་ལན་འདེབས་དང་གསལ་བཤད་གང་ཡང་བྱེད་ཀྱིན་མེད་ལ། མ་ཚད་རྒྱ་ནག་གཞུང་གིས་ཡང་ནས་བསྐྱར་དུ་བོད་མི་རོང་འབྲོག་རྣམས་བཙན་ཤེད་ཀྱིས་གནས་སྤོ་བྱེད་བཅུག་གིན་མེད་ཅེས་ངོས་ལེན་རྩ་བ་ནས་བྱེད་ཀྱིན་མེད་པ་རེད།

བཙན་བྱོལ་དུ་ཡོད་པའི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མའི་བཞུགས་གནས་རྒྱ་གར་དྷ་རམ་ས་ལ་ནས། བོད་མིའི་ལས་བྱེད་ཚོས་རྒྱ་ནག་གཞུང་གིས་གསེར་ཟངས་སོགས་གཏེར་ཁ་སྔོག་འདོན་ཆེད་བོད་མི་རོང་འབྲོག་ས་ཡ་ ༡་༥ ནས་ ༢ བར་བཙན་ཤེད་ཀྱིས་སོ་སོ་རང་ཉིད་ཀྱི་ས་ཆ་ནས་གནས་སྤོ་བཏང་ཡོད།

བོད་མི་མང་ཆེ་བས་གནས་སྤོ་བྱེད་པར་མོས་མཐུན་བྱེད་ཀྱིན་མེད་ལ། ཕྱི་ལོ་ ༢༠༠༨ ནས་ཁྱོན་བོད་མི་ ༡༣༠ ཙམ་གྱིས་རང་ལུས་མེར་སྲེག་བཏང་ཡོད་ཅིང་། དེའི་ནང་བོད་མི་ ༢༠ ཙམ་བཙན་ཤེད་ཀྱིས་རོང་འབྲོག་གནས་སྤོ་བཏང་བའི་གྲས་རེད་ཅེས་འགྲེལ་བརྗོད་བྱས་ཡོད།

《དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས། བོད་ནས་བཙན་བྱོལ་དུ་ཡོང་མཁན་བོད་མི་ཚོས་ད་ཆ་རྒྱ་ནག་གཞུང་གིས་ང་ཚོ་རང་ཉིད་ཀྱི་ས་ཆ་ཁྲིམས་འགལ་གྱིས་བཙན་འཕྲོག་བྱེད་ནས་རང་བྱུང་གཏེར་ཁ་སྔོག་འདོན་བྱེད་བཞིན་འདུག

ད་དུང་རྒྱ་ནག་གཞུང་གིས་དབང་འཛིན་པ་ཚོས་རླངས་འཁོར་ཞིག་གི་སྟེང་དུ་རྒྱང་བསྒྲགས་བཙུགས་ནས། སུས་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་བྱས་ཚེ་ཆད་པ་དྲག་པོ་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་ཉེན་བརྡ་བཏང་བ་དང་། ཁྱིམ་དུད་རེ་རེ་བཞིན་དུ་བསྐྱོད་ནས་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་བྱ་རྒྱུ་མིན་པའི་འགན་ལེན་ས་རྟགས་རྒྱག་བཅུག་གི་ཡོད་ལུགས་འགྲེལ་བརྗོད་གནང་གི་འདུག་》ཅེས་གསུངས་ཡོད།

དབུས་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་བོད་ཀྱི་འབྲོག་པའི་གནས་སྟངས་སྐོར་སློབ་སྦྱོང་དང་། ཉམས་ཞིབ་བྱེད་མཁན་འཇིགས་མེད་ནོར་བུ་ལགས་ཀྱིས། 《ཕྱི་ལོ་ ༢༠༡༢ ལོར་ཧ་ལམ་བོད་ནས་སྐྱབས་བཅོལ་བ་བོད་མི་ ༤༠ ཙམ་ཞིག་དྷ་རམ་ས་ལར་འབྱོར་བ་དེ་དག་མང་ཆེ་བ་རོང་འབྲོག་ཡིན་པ་རེད།

དུས་རྒྱུན་བལ་ཡུལ་བརྒྱུད་བོད་ནས་ལོ་ལྟར་བོད་མི་ ༡༠༠༠ ཡས་མས་ཤིག་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༠༨ ལོ་ནས་རྒྱ་ནག་གཞུང་གི་ས་མཚམས་ཁག་ལ་དམ་དྲག་སྔར་ལས་ཤུགས་ཆེ་རུ་བཏང་རྐྱེན་སྐྱབས་བཅོལ་དུ་འབྱོར་མཁན་ཇེ་ཉུང་དུ་ཕྱིན་ཡོད།

རྒྱ་ནག་གཞུང་གིས་རོང་འབྲོག་གནས་སྤོ་ནི་རྩྭ་ས་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་བྱེད་ཀྱིན་ཡོད་ཀྱང་། འགྲེལ་བརྗོད་དེ་ནི་དོན་དངོས་རྩྭ་ས་སྲུང་སྐྱོབ་ཀྱི་ལག་ལེན་དང་མཐུན་གྱི་ཡོད་པ་མ་རེད།

ཕ་མེས་ནས་གནས་སྡོད་བྱེད་མཁན་བོད་མི་འབྲོག་པ་རྣམས་གནས་སྤོ་བཅུག་ཏེ་གཏེར་ཁ་སྔོག་འདོན་བྱེད་པ་ནི། རང་བྱུང་ཁོར་ཡུག་ལ་གཏོང་བཤིག་ཚད་མེད་བཏང་བ་ཞིག་རེད།》 ཅེས་འགྲེལ་བརྗོད་གནང་འདུག

ཝི་ཀི་ལིད་ཀྱིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། ཕྱི་ལོ་ ༢༠༠༩ ལོར་༧གོང་ས་མཆོག་གིས། ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་པ་ལ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་མ་འོངས་པའི་ལོ་ ༥ དང་ ༡༠ ཡི་ནང་ཆབ་སྲིད་ལས་ཀྱང་བོད་ནང་གི་ཁོར་ཡུག་གི་གནས་སྟངས་ཐད་གཙོ་འདོན་དོ་སྣང་བྱེད་དགོས་ཀྱི་འདུག

བོད་མི་ཚོས་ཆབ་སྲིད་ཀྱི་དཀའ་རྙོག་སེལ་བར་ལོ་ ༥ ནས་ ༡༠ བར་སྒུག་ཐུབ་ཀྱང་། བོད་ནང་གངས་རི་བཞུ་བ་དང་། ཁོར་ཡུག་གཏོང་བཤིག གཙང་ཆུ་འབག་བཙོག་བཅས་ཀྱི་གནས་དོན་ནི་དེ་འདྲའི་ངང་སྒུག་ཐུབ་པའི་གནས་སྟངས་ཤིག་ཆགས་མེད་ཅེས་》 གསར་འགོད་པར་འགྲེལ་བརྗོད་གནང་འདུག

ཕྱི་ཟླ་ ༩ པའི་ནང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གིས། ཁམས་ཡུལ་ཤུལ་ཁུལ་དུ་གསེར་གྱི་གཏེར་ཁ་སྔོག་འདོན་བྱས་པར་བོད་མི་ཚོའི་ངོ་རྒོལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཡོད་པའི་གནས་ཚུལ་བཀོད་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གསུངས་པར་ལྟར་ན། རྒྱ་ནག་གཞུང་གིས་བོད་ནང་ཁྱོན་གཏེར་རིགས་གྲངས་ ༢༤༠ ཙམ་སྔོག་འདོན་བྱེད་བཞིན་ཡོད་པའི་ནང་། མང་ཆེ་བ་རོང་འབྲོག་གི་ས་ཆ་ཆགས་ཡོད་འདུག མ་ཚད་གཏེར་ཁ་སྔོག་ཡུལ་མང་པོ་ཞིག་ཨེ་ཤ་ཡའི་ཆུ་བོ་ཆེ་ཤོས་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་ཆགས་ཡོད་སྟབས། ཆུ་བོ་རྣམས་འབག་བཙོག་གི་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་རེད།

བོད་མི་ས་ཡ་ ༦ གི་ནང་མི་འབོར་ཕྱེད་ཀ་ནི་རོང་འབྲོག་ཡིན་པ་དང་། སྤྱིར་རྒྱ་ནག་གཞུང་གིས་ཡུལ་མི་གནས་སྤོའི་སྲིད་བྱུས་དེ་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་ལག་བསྟར་བྱེད་མུས་ཡིན་ཡང་། རོང་འབྲོག་གནས་སྤོ་གྱིས་གཏེར་ཁ་སྔོག་འདོན་ཤུགས་ཆེ་ཤོས་དེ་ཉེ་བའི་ལོ་འགའི་ནང་བྱུང་བ་ཞིག་རེད་འགྲེལ་བརྗོད་བྱས་འདུག

ལོ་ངོ་༤༠ཙམ་གྱི་རིང་བོད་དང་དམིགས་བསལ་བོད་ཀྱི་ཁོར་ཡུག་སྐོར་ཉམས་ཞིབ་དང་རྩོམ་འབྲི་མཁན་སྐུ་ཞབས་ Gabriel Lafitte གྷ་བྷེ་རལ་ལགས་ཀྱིས། བོད་ནང་གཏེར་ཁ་སྔོག་འདོན་དང་ཁོར་ཡུག་གཏོར་བཤིག་ནི། 《ཁུ་སིམ་གྱི་ཉེན་ཁ་》 ཞིག་རེད་ཅེས་འགྲེལ་བརྗོད་གནང་ཡོད། ཅེས་གསུངས་འདུག

ཐེངས་ 42270 བཀླགས་འདུག