Donate

ཆུ་དམར་ལེབ་ཕྱོགས་སུ་ཐན་པའི་དཀའ་ངལ་བྱུང་བཞིན་འདུག།

ཡུལ་ཤུལ་ཆུ་དམར་ལེབ་རྫོང་གི་རྨ་ཆུའི་མགོ་ཁུངས་ཀྱི་ཆུ་ཕྲན་ཁག་བསྐམས་ནས་ཉ་མང་པོ་ཤི་བཞིན་པ་དང་ས་གནས་མང་ཚོགས་ལ་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་འདུགChumalebདེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་བྱས་བ་ལྟར་ན། དེང་སྐབས་བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་དྲག་ཆར་དང་ཆུ་ལོག་བྱུང་ནས། མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེན་ཐེབས་བཞིན་པའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་ཁམས་ནང་ཆེན་ཏེ་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོར་ཆར་ཆུ་གཏན་ནས་མ་བབས་པའི་རྐྱེན་གྱིས། རྨ་ཆུའི་ཆུ་མགོའི་ལུང་ཁུག་གི་ཆུ་ཕྲན་རྣམས་བསྐམས་ཏེ་ཉ་མང་བོ་ཤི་བའི་གནས་ཚུལ་ཐོན་བཞིན་ཡོད་པ་དང་། དེ་བཞིན་མང་ཚོགས་རྣམས་ལའང་ཆུ་འཐུང་རྒྱུ་མེད་པའི་དཀའ་ངལ་འཕྲད་ནས། མཚེའུ་དང་འདམ་ཆུ་འཐུང་དགོས་པའི་གནས་ལ་ཐུག་ཡོད་ཟེར།
དེ་བཞིན་བོད་མི་དེས་མུ་མཐུད་དུ་གསུང་ན། འདི་ཚེས་༡༣་ཉིན་ཆར་བ་ཅུང་ཙམ་བབས་ཡོད་ཀྱང་ཕན་ཐོགས་པ་ཞིག་བབས་མེད་ཟེར། ཡང་རྨ་སྟོད་དང་ཐག་ཉེ་བོ་ཡོད་པས་བོད་མི་དེས་གསུང་ན། ས་ཁུལ་དེར་ནམ་རྒྱུན་རྒྱ་ནག་སྲིད་གཞུང་གི་བཀོད་སྒྲིག་ལྟར་མེ་ཤུགས་འཕུར་མདའ་ལྟ་བུའི་མཚོན་ཆ་ཞིག་འཕེན་གྱིན་ཡོད་པས་རྐྱེན་གྱིས་ཆར་བ་མ་བབ་པ་རེད་ཅེས་མང་ཚོགས་རྣམས་ཀྱིས་སྲིད་གཞུང་ལ་རེ་ཞུ་ཡང་ཡང་བྱས་ཀྱང་། རྫོང་སྲིད་གཞུང་གིས་མཚོན་ཆ་དེས་ཆར་བ་འབབ་པར་ཕན་ཚུལ་དང་། དེ་ནི་རྒྱལ་ཁབ་ཀྱི་བཀོད་སྒྲིག་ཡིན་པས་མཚམས་འཇོག་བྱེད་མི་ཆོག་པའི་སྐོར་བརྗོད་ནས་མང་ཚོགས་ཀྱི་རེ་ཞུ་ལ་དོ་སྣང་བྱེད་ཀྱི་མེད་པ་མ་ཟད། ས་གནས་མང་ཚོགས་ཁ་ཤས་ནས་རྫོང་དཔོན་ལ་ཐུག་འཕྲད་ཀྱིས་གནས་ཚུལ་ཡར་ཞུ་བྱེད་པའི་རེ་བ་བཏོན་ཡང་། དང་ལེན་བྱས་མེད་པར་མང་ཚོགས་ལ་རྣམ་འགྱུར་ཡག་པོ་སྟོན་གྱི་མི་འདུག་ཟེར།
ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། མིག་སྔར་ཆུ་དམར་ལེབ་རྫ་སྟོད་དུ་རྩྭ་སྐྱེས་པ་རྣམས་བསྐམས་ནས་སྐྱ་བོར་གྱུར་ཏེ་བྱེ་ཐང་གི་རྣམ་པར་འགྱུར་བཞིན་འདུག་ཟེར།
ཡུལ་ཤུལ་ཁུལ་ཆུ་དམར་ལེབ་ནི་རྫོང་ནི་མཚོ་སྔོན་གྱི་ཟི་ལིང་གྲོང་ཁྱེར་དང་རྒྱང་ཐག་སྤྱི་ལེ་བརྒྱད་བརྒྱ་ལྷག་གི་སར་ཡོད་པ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ཚིགས་ལས་དྲངས།

ཐེངས་ 42564 བཀླགས་འདུག