Donate

ཁམས་སྡེ་དགེ་རྫོང་དུ་ཆུ་ལོག་གིས་གནོད་སྐྱོན།

ཀྲུང་གོའི་བོད་ཀྱི་རླུང་འཕྲིན་དྲ་བ་དང་། ཁམས་པའི་བརྙན་འཕྲིན་དྲ་བ་སོགས་སུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་ ༠༧ ཚེས་ ༠༥ ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དུ་ཚེས་ ༠༤ ཉིན་གྱི་དགོང་མོའི་ཆུ་ཚོད་ ༠༩ ནས་ཕྱི་ཉིན་གྱི་ཐོ་རངས་ཆུ་ཆུ་ཚོད་ ༠༣ པ་བར་དྲག་ཆར་བབས་པར་བརྟེན། སྡེ་དགེ་གྲོང་ཁྱེར་གྱི་ཆུ་བོ་ཆེ་ཆུང་ཡོད་ཚད་གློ་བུར་དུ་རྒྱ་ཆེར་རྒྱས་ནས་ཆུ་རགས་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཏེ། ཡུལ་མིའི་སྡོད་ཁང་མང་པོ་ཞིག་དང་། སྡེ་དགེ་རྫོང་གི་སློབ་ཆུང་གཉིས། སྔོ་ཚལ་ཚོང་རྭ་སོགས་ཆུས་བསྣུབས་པ་དང་རྡིབ་སྐྱོན་བྱུང་བ། སྡེ་དགེའི་མངའ་ཁོངས་ཀྱི་གཞུང་ལམ་ ༣༡༧ ཆུ་ལོག་གིས་དུམ་བུར་བཅད་དེ་གཏོར་བརླག་ཆེན་པོ་བྱུང་ཡོད་འདུག

            དེ་རྗེས་སྡེ་དགེ་རྫོང་གིས་མྱུར་དུ་ཆུ་འགོག་འཕྲལ་སྡོམ་གྱི་བྱེད་ཐབས་སྤེལ་ནས་ལས་ཞུགས་མི་སྣ་ ༥༠༠ ལྷག་རྩ་འཛུགས་བྱས་ཏེ་ཉེན་འགོག་གེགས་སེལ་གྱི་ལས་དོན་ནང་ཞུགས་ནས། མང་ཚོགས་ ༢༠༠ ལྷག་གནས་སྤོས་ཀྱིས་ཁོང་ཚོའི་བདེ་འཇགས་ལ་འགན་སྲུང་བྱས་ཡོད་པ་དང་། ཐེངས་འདིའི་ཆུ་ལོག་གི་གནོད་སྐྱོན་ཁྲོད། སྡེ་དགེ་རྫོང་འཁོར་ལོ་མདོ་ཤང་རོང་ཁ་གྲོང་སྡེ་དང་། རྡོ་རྩེ་མདའ་ཡི་ཞིང་པའི་ཁྱིམ་ཚང་ཁ་ཤས་ལའང་གནོད་སྐྱོན་བྱུང་ཡོད་སྐོར་བཀོད་འདུག

      མིག་སྔར། སྡེ་དགེ་རྫོང་གི་ཆུ་འགོག་འཕྲལ་སྡོམ་ལས་དོན་ད་དུང་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང། གནོད་འཚེ་ཐེབས་པའི་གནས་ཚུལ་ཀྱང་སྡོམ་རྩིས་བྱེད་མུས་ཡོད་ཀྱང་། མིག་སྔར་མི་ཤི་རྨས་ཀྱི་གནས་ཚུལ་འབྱོར་མེད་པ་རེད་འདུག

 

ཐེངས་ 42233 བཀླགས་འདུག