དུག་ཆུ་ཁ་ལུད་ནས་སེམས་ཅན་གྲངས་མེད་ལ་གནོན་སྐྱོན།
ཁམས་དཀར་མཛེས་ཁུལ་དར་མདོ་རྫོང་ལྷ་སྒང་ཡུལ་ཚོ། ར་ལི་ཚོ་བའི་ས་ཐོག་ཏུ་རྒྱ་གཞུང་གིས་གཏེར་ཁ་སྔོག་ཆེད་དུག་ཆུ་བཀག་ཡོད་པ་ཁ་ལུད་ནས། ཆུ་ནང་གི་ཉ་སོགས་སེམས་ཅན་ཧ་ཅང་མང་པོ་བསད་པའི་གནས་ཚུལ་ཞིག་བྱུང་ཡོད་པ་རེད།
དེའི་སྐོར་འབྲེལ་ཡོད་མིང་བརྗོད་འདོད་མེད་མཁན་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཕྱི་ཟླ་༡༠ ཚེས་༡༣ ཉིན་ཙམ་ནས་དུས་རྒྱུན་རྒྱ་གཞུང་གིས་གཏེར་ཁ་སྔོག་གནས་གར་རྒྱས་ཁ་ཟེར་བའི་བ་ལང་སྡེ་པའི་ས་ཆ་དེར། དུག་རྫས་མ་རུང་བའི་གྲུབ་པའི་དུག་ཆུ་ཞིག་བཀག་ཡོད་པ་དེ་འཕྱུར་ནས་ལེ་དབར་༢༠ ནས་༣༠ བར་གྱི་ཆུ་ནང་དུ་ཡོད་པའི་ཉ་སོགས་སྲོག་ཆགས་ཚང་མ་དུག་གིས་བཀད་དེ་ཁོག་པ་ཕྱིར་བསྒྱུར་གྱིས་ངན་གསོད་དུ་སོང་བའི་སེམས་ཅན་དུང་ཕྱུར་ཁ་གྲངས་ཀྱི་གྲངས་སུ་ཟིན་ཡོད་འདུག
དེར་ལེ་དབར་ ༢༠ ནས་༣༠ བར་གྱི་གཏིང་དུ་ཟབ་ཚད་སྤྱི་ཁྲི་༣ ནས་༦ གི་བར་ཙམ་ཕལ་ཆེར་ཡིན་པའི་ཆུ་ཆེན་དང་ཆུ་ཕྲན་གྲངས་མང་གི་ནང་དུ་ཡོད་པའི་ཆུ་གནས་ཡོངས་དང་། དེ་བཞིན་བོད་པའི་རྟ་ཟོག་ལུག་གསུམ་གྲངས་མང་དུག་ཆུས་བསད་ཡོད་པ་མ་ཟད། སྡེ་པ་ལྔ་དྲུག་གི་བཏུང་ཆུ་ཚང་མ་དུག་གིས་ཁྱབ་ཡོད་འདུག གོང་བརྗོད་སྡེ་པ་དེ་དག་གི་མི་མང་གིས་རྒྱ་གཞུང་ལ་གྱོད་གཏུག་དང་ངོ་རྒོལ་བྱེད་བཞིན་ཡོད་ན་ཡང་། རྒྱ་གཞུང་གིས་ངོས་ནས་ངོས་ལེན་མེད་པ་མ་ཟད། དམག་མི་ཧ་ཅང་འབོར་ཆེན་ས་ཆ་དེ་དག་ཏུ་ཐོན་བཞིན་འདུག་ཟེར་གྱི་འདུག དེའི་རྗེས་ཀྱི་གནས་སྟངས་ཅི་བྱུང་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ས་གནས་དེ་དག་གི་དྲ་རྒྱུའི་བརྒྱུད་ལམ་ཡོངས་རྫོགས་བཀག་འདུག་ཅེས་འགྲེལ་བརྗོད་བྱས་སོང་།
གཞན་ཡང་ས་གནས་དེ་གའི་བོད་མི་ཞིག་གིས་གཏེར་ཁ་སྔོག་འདོན་གྱི་གནད་དོན་གནས་སྟངས་དེ་དང་འབྲེལ་བའི་བྱུང་སྟངས་དངོས་ཀྱི་ཐོག་རེ་སྐུལ་དོན་ཚན་གསུམ་ཅན་གྱི་ཞུ་སྙན་ཞིག་ཀྱང་བཀྲམ་ཡོད་པ་དེའི་ནང་།
༡༽ ཕྱི་ལོ་ཉིས་སྟོང་ལྔའི་ལོ་ཡས་མས་སུ་གཏེར་ཁ་སྔོག་འགོ་ཚུགས་པ་ནས་བཟུང་། ཐོག་མར་ས་དེར་འཁོར་ལམ་བཟོ་སྐབས་ལྷ་སྒང་བ་དང་། བ་ལང་བའི་ས་དང་། ཁྱད་པར་དུ་ལམ་ཕལ་ཆེར་ནང་སྐོར་བའི་སར་ཐུག་ཡོད་པས། མང་ཚོགས་འགོ་ཁྲིད་དང་བཅས་ཀྱིས་བློར་མི་འབབ་ཅེས་བཤད་ཁུལ་བྱས་ཡོད་ཀྱང་། རྫོང་དང་ཡུལ་ཚོའི་ལས་བྱེད་དང་ལམ་ལས་འགོ་བ་བཅས་ཀྱིས་ལམ་ལས་ས་ལ་བཀག་འགོག་སུས་ཀྱང་བྱ་མི་ཆོག དེ་རྒྱལ་ཁབ་ཀྱི་འཆར་འགོད་རེད། ར་ལི་བ་ལ་ཆ་མཚོན་ན་གཏེར་ཡོད་སའི་ས་གནས་དེ་གའི་སྡེ་པ་ཡིན་ཡང་། སྒོར་མོ་ཅུང་ཙམ་རེ་སྤྲད་ཡོད་པ་ལས་གཞན་གང་ཡང་བཤད་དབང་མེད་ལ་གཏེར་རྐོ་རྒྱུའི་ཐག་བཅད་ཀྱང་བྱས་ཟིན་ལ། ཁྱེད་ཚོས་ལམ་ལས་མི་ཆོག་ཟེར་རྒྱུ་ཡིན་ན་རྒྱལ་ཁབ་ཀྱིས་ཁྲིམས་གཅོད་ནན་མོ་ཡོད་ཅེས་མང་ཚོགས་ལ་འཇིགས་སྐུལ་གྱིས་མནན་ཅིང་ཚོ་བའི་འགོ་ཁྲིད་ཚོར་ལས་སྒོ་ཅུང་ཙམ་རེ་སྤྲད་དེ་སྒོར་མོ་ཁ་ཤས་ཀྱིས་ཁ་བཅད་དེ་འཁོར་ལམ་བཟོས་བསྐྲུན་བྱས་རྗེས་གཏེར་ཁ་འདོན་འགོ་ཚུགས་པ་རེད། གཏེར་རྐོ་སའི་ས་གནས་དངོས་ར་ལི་བའི་སར་ཐུག་ཡོད། ར་ལི་བ་དང་གཏེར་འདོན་ལས་ཁང་གི་བར་ཇི་ལྟར་གྲོས་བྱས་མིན་ཤེས་གསལ་མ་བྱུང་ཡང་མདོར་ན་གཏེར་འདོན་གྱི་བྱ་བ་དངོས་སུ་སྐབས་དེ་ནས་བཙུགས་པ་རེད།
དེ་སྔོན་༢༠༡༡ ལོར་ཡང་དུག་ཆུ་ཐེངས་གཅིག་བཏང་སྐབས་བ་ལང་སྡེ་པའི་རྟ་ཟོག་སྟོང་ཕྲག་མང་པོ་དུག་གིས་ཤི་ནས་རྒྱ་གཞུང་ལ་གྱོད་གཏུག་བྱས་ཀྱང་ཕན་ནུས་གང་ཡང་ཐོན་ཡོད་པ་མ་རེད། དུག་རྫས་ཀྱིས་བསླད་པའི་ཆུ་སྙིགས་བཞུར་ལམ་ནང་སྐོར་ཚོ་བ་དང་། བ་ལང་། སྐུ་ནུབ་སྡེ་པ་བཅས་ཀྱི་སར་ཐུག་ཡོད། ནང་སྐོར་བའི་རྩ་ཐང་དང་ཕྱུགས་ཟོག་ལ་གནོད་རྐྱེན་ཐེབས་སྐབས་ཀྱང་ཞུ་གཏུག་བྱེད་ཁུལ་བྱས་ཡོད་པ་རེད། ནང་སྐོར་བའི་ས་ཐོག་ཏུ་དུག་རྫས་ཀྱིས་ཕྱུགས་ཟོག་ལ་མི་གནོད་ཐབས་ཡིན་ཞེས་ཆུ་འཁྱིལ་སའི་ས་དོང་ཆེན་པོ་ཞིག་བཟོས་ནས་དེའི་ཁར་ལྕགས་ར་ཞིག་འཐེན་པ་ཙམ་ལས་ས་རིན་ཙམ་ཡང་ལོན་མེད། བ་ལང་བས་ཀྱང་དེ་བཞིན་བྱས་ཀྱང་དོན་སྒོ་མ་ཆོད་པ་མ་རེད།
༢༽ ད་སྐབས་སྔོག་འདོན་དངོས་ཀྱི་རྣམ་པ་འདི་ལྟ་བུ་ཞིག་ཡིན་ཏེ། ལེ་དབར་གཅིག་ནས་གསུམ་ཙམ་གྱི་ཁོ་ར་ཁོར་ཡུག་གི་སྤང་ཐང་དང་། སྐྱེད་ཚལ། ནགས་ཚལ་ཚང་མ་བྱེ་ཐང་སྐྱ་བོ་རུ་བསྒྱུར་ཞིང་རི་སྐྱེས་ཀྱི་སྲོག་ཆགས་ཚང་མ་རྩ་མེད་དུ་བཏང་ཡོད།
ཆུ་གཙང་དང་རྫིང་བུ་མཐའ་དག་འབགས་བཙོག་གིས་རྙོག་ནས་ཉ་སྦལ་སོགས་ཆུ་གནས་ཡོད་ཚད་ཤ་སྐམ་འབའ་ཞིག་ཏུ་བྱས་ཟིན། མདོར་ན་སྔོན་དུས་ཡིད་དུ་འོང་གི་སྐྱེད་ཚལ་དང་། བརྗིད་ཆགས་ཀྱི་རི་བོ། དྭངས་གཙང་གི་ཆབ་རྒྱུན། ཉམས་སྐྱིད་ཀྱི་རི་སྐྱེས་སྐད་སྙན་གྱི་བྱ་རིགས་སོགས་ཀྱིས་མཛེས་པའི་འབྲོག་པའི་སྡོད་གནས་དེ་ད་ཆར་ས་རྐོ་འཕྲུལ་ཆས་ཀྱི་སྒྲ་སྐད་དང་ཐལ་བའི་རྡུལ་འཚུབ་གྱིས་གཟུགས་ལས་གང་ཡང་མི་ཐོས་མི་མཐོང་བའི་ཧ་ཅང་ཡི་མུག་པའི་ས་རུ་བསྒྱུར་ཡོད་པ་ནི་སྤྱིར་ས་གནས་འདིའི་གནས་ཚུལ་རགས་བཤད་ཙམ་ཡིན།
༣༽ ད་སྐབས་མངོན་གསལ་གྱི་ཆག་སྒོའམ་བཟོད་དུ་མེད་པའི་གནས་ཚུལ་འདི་འདྲའི་བྱ་བ་རྒྱུན་མཐུད་ན་ལོ་མང་པོ་མི་འགོར་བར་བོད་ཁམས་སྤྱི་དང་ལྷག་པར་མི་ཉག་གི་ཡུལ་གྱི་རྩ་ཆེའི་གཏེར་ཁ་དང་སྐྱེ་དངོས་རྩ་མེད་དུ་གྱུར་ཞིང་། འབྲོག་པའི་ སྡེ་པ་བཅུ་ཕྲག་ཁ་ཤས་ཀྱི་སྡོད་གནས་བྱེ་ཐང་དུ་སྒྱུར་བཞིན། སེམས་ཅན་གྲངས་མེད་ཀྱི་སྲོག་གཅོད་རྒྱུ་ཡིན་པར་ད་ལྟའི་མངོན་གསལ་བྱ་ངན་འདིའི་ར་སྤྲོད་པ་ལས་ཤེས་ཐུབ།
མི་ཉག་ཡུལ་ན་རྒྱལ་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྐོར་ལ་མཁྱེན་རྒྱ་ཡོད་པའི་བོད་རིགས་དང་ཆོས་པ་རྩ་བ་ནས་མེད་པ་མ་རེད་མོད། འོན་ཀྱང་ཁོང་ཚོ་ཁུ་སིམ་ངང་བཞུགས་ཚེ་ཅི་ཡང་མི་ཤེས་པའི་འབྲོག་པ་རྣམས་ཀྱིས་ནི་གཏེར་ཁ་སྔོག་འདོན་མཁན་གྱིས་ལབ་ཚད་བདེན་པར་འཛིན་པ་ལས་ཐབས་ཟད་ཡོད།
གཏེར་ཁ་སྔོག་འདོན་ཚོད་མེད་ཀྱི་བྱ་བ་འདི་ཁྲིམས་མཐུན་གྱི་ལམ་ལུགས་ཡིན་ནམ་མིན། གལ་ཏེ་ཡིན་ན་ཁོང་ཚོར་ཐུགས་ཁག་མེད་ཀྱང་། མིན་ན་ཞུ་གཏུག་དང་ལུགས་མཐུན་གྱི་བྱེད་སྒོ་སྤེལ་བའི་འགན་ཁོང་ཚོར་ཡང་ཏན་ཏན་ཡོད་སྙམ་པས་བྱ་ངན་འདིར་འགོག་རྐྱེན་རེ་གནང་ཐབས་བཀའ་དྲིན་མ་ཆུང་།
གཏེར་གནས་ཀྱི་ས་བདག་ར་ལི་བ་དང་། དེ་དང་ཉེ་བ་ནང་སྐོར་བ། བ་ལང་བ་སོགས་ཀྱིས་ཀྱང་ལ་ལས་བོད་སྤྱི་ལ་དབང་བའི་གཏེར་ཁ་བཙོང་བ་དང་། ལ་ལས་ས་གླ་དང་ལམ་གླའི་སྒོར་རྡོག་རེ་ཟུང་ལ་ཁ་གདངས་ཏེ་བུ་རབས་ཚ་རྒྱུད་དང་བཅས་པ་འཁོར་སའི་གནས་གཞི་ལ་བསམ་བློ་ཙམ་ཡང་མི་གཏོང་བར། མནོག་ཆེ་ཆུང་ཤིན་ཏུ་ནོར་ནས་འདུག་པ་ལས་དྲང་བདེན་དང་ཞི་བའི་ལས་སྒོ་རེ་སོ་སོས་སྤེལ་བའི་མིག་རྒྱ་ཅུང་བསྐྱེད་པའམ། གཉོམ་ཆུང་ངུ་ངག་གི་གདུང་འབོད་ཕྱི་མེད་ན་སྔ་མེད་པས་ཚང་མས་གདུང་སེམས་མཉམ་བསྐྱེད་ཀྱི་བྱས་བ་བྱེད་པའི་སྐབས་སུ་བབ་ཡོད་པ་འདི་ནི་ཁྲིམས་མཐུན་ལུགས་མཐུན་ཡིན་པས། སུ་ལ་ཡང་འགལ་འགྲོ་བར་སྐྲག་དགོས་དོན་མེད་པ་མ་ཟད། མི་རིགས་སུས་ཀྱང་བྱེད་ཆོག་པའི་ཁོར་ཡུག་གཅེས་སྐྱོང་གི་བྱ་བ་ཡང་དག་པ་ཞིག་ཡིན་པས་ཀུན་གྱིས་བརྩོན་ལེན་བྱ་བར་ཤིན་ཏུ་འོས་སྙམ།
བོད་སྤྱི་ལ་ལྷག་བསམ་དང་དུངས་བ་ཟབ་པ་དང་ཁྱད་པར་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ནས་ཤེས་ཡོན་པ་དང་འཇོན་སྒོ་ཅན་ཚང་མས་ཀྱང་འདི་ལ་བརྩེ་གཟིགས་ཀྱིས་རྒྱབ་བརྟེན་ཞིབ་དཔྱོད་མཛད་རྒྱུར་སྙིང་ཐག་པ་ནས་རེ་སྐུལ་དང་གསོལ་བ་འདེབས་བཞིན་ཡོད་ཅེས་བྲིས་འདུག
ཡོང་ཁུངས་བོད་ཀྱི་བང་ཆེན།
ཐེངས་ 42435 བཀླགས་འདུག