Donate

གཏན་ཆགས་འཁྱགས་རིམ་ཉམས་རྒུད།

གནམ་གཤིས་ཚ་དྲོད་འཕེལ་བའི་དབང་གིས་གཏན་ཆགས་འཁྱགས་རིམ་ཉམས་རྒུད་ཕྱིན་པའི་དབང་གིས་གཏན་ཆགས་འཁྱགས་རིམ་ནང་ཆུའི་ཉར་འཇོག་དང་སྟངས་འཛིན་གྱི་གནས་སྟངས་ལ་འགྱུར་བ་ཐེབས་སུ་བཅུག་པ་འདིས། ཆུ་རླངས་པར་འགྱུར་ཤུགས་ཆེ་རུ་འགྲོ་བའི་རྒྱུ་རྐྱེན་བྱེད་ཀྱི་ཡོད། ད་དུང་འདིས་ལོ་རེའི་གཏན་ཆགས་འཁྱགས་རིམ་ས་སོབ་པའི་དུས་ཡུན་ཇེ་རིང་དུ་གཏོང་བཞིན་པ་དང་། འདི་ཉིད་འཕྲུལ་རིགས་ལས་དོན་དང་འབྲེལ་ནས་བཤད་ན། སེམས་ཁྲལ་བྱེད་དགོས་པའི་རང་བཞིན་ཞིག་ཡིན་པའི་ཐོག ད་དུང་སྣོད་བཅུད་སྐྱེ་ཁམས་ནང་ཕན་ཚུན་གྱི་འབྲེལ་བར་འགྱུར་བ་སྣ་ཚོགས་ཤིག་ཀྱང་འདྲེན་གྱིན་ཡོད། ས་གནས་བྱེ་བྲག་པའི་ཐོག་ནས་བཤད་ན། འདི་ལྟའི་ཉམས་རྒུད་ཀྱིས་རིམ་བཞིན་རྩྭ་ཐང་བྱེ་ཐང་དུ་འགྱུར་བ་དང་། གཉུག་མར་གནས་པའི་
སྐྱེ་དངོས་ཀྱི་རིགས་རྣམས་སྟོང་ཟད་དུ་འགྲོ་བའི་རྒྱུ་རྐྱེན་བྱེད་ཀྱིན་ཡོད།
སྤྱིར་བཏང་བྱས་ན། གཏན་ཆགས་འཁྱགས་རིམ་གྱིས་ཆུའི་ཐོན་ཁུངས་སྟངས་འཛིན་གྱི་བྱ་བ་གལ་ཆེན་ཞིག་སྒྲུབ་ཀྱི་ཡོད་ལ། བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་རྒྱུན་གནས་ཆེད་གལ་ཆེའི་བྱེད་སྒོ་ཞིག་སྤེལ་གྱི་ཡོད།
དབྱར་དུས་སུ་གཏན་ཆགས་འཁྱགས་རིམ་གྱི་རྣམ་འགྱུར་སྐྱེན་པའི་སྟེང་སའི་རིམ་པར་སོབ་ཞུགས་པ་ལས། བྱུང་བའི་བཞུར་ཆུ་རྣམས་རྒྱ་ཆེའི་རྩྭ་ཐང་དང་གཤེར་ས་ཁག་ཏུ་བརྒྱུད་གཏོང་གི་ཕན་ཆ་བསྐྲུན་གྱི་ཡོད།
ཞིབ་འཇུག་པ་ཁག་གིས་གོ་ལའི་ཕྱི་ངོས་འཁྱགས་པ་དང་། འཁྱགས་པར་སོབ་ཞུགས་པའི་བྱ་རིམ་གྱིས་ས་གཞིའི་ཕྱི་ངོས་དང་རླུང་ཁམས་དབར་གྱི་དྲོད་དང་རླན་གཤེར་བརྗེ་ལེན་གྱི་གནས་སྟངས་ལ་ཤུགས་རྐྱེན་སྤྲོད་ཀྱི་
ཡོད་པ་གསལ་སྟོན་བྱས་འདུག་འདིས་ཤར་ཨེ་ཤི་ཡའི་གནམ་གཤིས་ལ་ཤུགས་རྐྱེན་ཇི་ལྟར་འབྱུང་བ་ལྟར་གྱི་ཕན་གནོད་འབྲེལ་གྱི་ཡོད། དཔེར་ན་ལྷག་རླུང་གི་ཚ་དྲོད་ལོ་རེར་སེལ་ཤས་ ༠.༠༥༢ འཕར་བ་ཡིན་ན། འབྱུང་
འགྱུར་ལོ་ངོ་ལྔ་བཅུ་དང་བརྒྱ་སོ་སོའ་ིདུས་ཡུན་ནང་བོད་མཐོ་སྒང་གི་གཏན་ཆགས་འཁྱགས་རིམ་རྒྱ་ཁྱོན་གྱི་བརྒྱ་ཆ་ ༡༣ སྟེ་སྤྱི་ལེ་གྲུ་བཞི་མ་ ༡༩༥,༠༠༠ཙམ་དང་། བརྒྱ་ཆ་ ༤༦ སྟེ་སྤྱི་ལེ་གྲུ་བཞི་མ་ ༧༠༠,༠༠༠ ལྷག་གི་ས་ཁྱོན་ཇེ་ཆུང་དུ་འགྲོ་ངེས་པ་ཡིན། འདི་ནི་གཏན་འཁྱགས་ས་ཁྱོན་གྱི་ཚབས་ཆེ་བའི་ཉམས་རྒུད་ཅིག་ཡིན།
ཕྱོགས་གཅིག་ནས་འདི་ལྟའི་འཁྱགས་རིམ་ལ་སོབ་པའི་ཚད་ཤུགས་ཆེར་གཏོང་བའི་བརྒྱུད་རིམ་ནང་ཉི་འོད་ལ་ཡང་འགན་འཁྲི་ངེས་ཅན་ཞིག་ཡོད།
མཐོ་ཚད་མི་ཊར་ ༥༠༠༠ མན་ཆད་དུ་ཆགས་པའི་བོད་ཀྱི་ས་གཞིས་ཉི་འོད་བསྡུ་ལེན་གྱི་ཚད་གཞི་དེ། རྒྱ་ནག་གི་ས་ཁུལ་གཞན་ལས་ཆེ་བ་ཡོད་པ་སྟེ་ས་ཁྱོན་སེན་ཊི་མི་ཊར་གྲུ་བཞི་མ་རེ་རེས་ཇོལ་ Joule ༢༥༡ .༢ ནས་ ༣༦ ༠.༡
བར་བསྡུ་ལེན་བྱེད་ཀྱིན་ཡོད། འདིས་ཉིན་རེའི་ཚ་དྲོད་མཐོ་ཤོས་ཀྱི་ཚད་དེ་ཡང་མཐོ་རུ་གཏོང་གི་ཡོད་ཅིང་། སྐབས་འགར་སྤྱི་ཟླ་བཅུ་གཅིག་ནས་གཉིས་པའི་བར་གྱི་གྲང་ངར་ཆེ་བའི་དགུན་དུས་སུའང་དྲོད་ཚད་སེལ་ཤས་ཀླད་ཀོར་གྱི་སྒང་ལ་སླེབ་བཞིན་ཡོད། འདི་ལྟའི་ཛ་དྲག་གི་གནས་སྟངས་དེས་རྣམ་འགྱུར་སྐྱེན་པའི་ས་རིམ་ནང་གི་འཁྱགས་འགྱུར་དང་སོབ་ཞུགས་པའི་བྱ་རིམ་གཉིས་ཡང་ཡང་བརྗེ་རེས་ཀྱི་རྒྱུ་རྐྱེན་བྱེད་ཀྱི་ཡོད།
སྐུ་ཞབས་ཅིན་དང་ཁོང་གི་ལས་རོགས་ཚོའི་ཕྱི་ལོ་ ༢༠༠༠ དང་༢༠༠༨ ལོའི་གཞུང་ལམ་ཉེ་རྒྱུད་ཀྱི་ཉམས་ཞིབ་ནང་། སྣུམ་ནག་བཏིང་པའི་གཞུང་ལམ་ཀྱི་ས་འོག་ཏུ་ཚ་དྲོད་འདུ་གསོག་བྱས་ཡོད་པ་ཤེས་འདུག་ཅིང་། དེས་གཏན་ཆགས་འཁྱགས་རིམ་གྱི་བཞུར་ཚད་ཇེ་ཆེར་བཏང་ཏེ་བསྐྱར་དུ་འཁྱགས་འགྱུར་ཡོང་རྒྱུ་ཆེས་དཀའ་བའི་གནས་སུ་གྱུར་པ་བཤད་ཡོད།
འདིའི་མཇུག་འབྲས་ནི་ས་ཁྱོན་ཡུག་གཅིག་ཏུ་འབྲེལ་བའི་གཏན་ཆགས་འཁྱགས་རིམ་དེ་དུམ་མཚམས་དུམ་མཚམས་སུ་ཁ་དགྱེས་པའི་ངོ་བོར་འཕོ་འགྱུར་འགྲོ་བཞིན་ཡོད། ཕྱི་ལོ་ ༡༩༩༧ ལོའི་ཕྱི་ཟླ་དགུ་པའི་ནང་ཁུ་ནུ་ལ་ཐོག་ཏུ་མཐོ་ཚད་མི་ཊར་ ༤༧༡༥ ཡོད་སར་ས་གཞི་བསྔོག་འབྲུ་བྱེད་སྐབས། ཕྱི་ལོ་ ༡༩༧༣ ལོར་འཛུགས་བསྐྲུན་བྱས་པའི་ཁྲོན་བོད་གཞུང་ལམ་བརྒྱུད་ཀྱི་སྣུམ་འདྲེན་ལྕགས་མདོང་མེ་ལི་མི་ཊར་ ༡༦༣ ཅན་དེས། དབྱར་དུས་སུ་གཏན་ཆགས་འཁྱགས་རིམ་མི་ལི་མི་ཊར་ ༡༤ ༠ ནས་ ༡༥ ༠ བར་ལ་སོབ་ཞུགས་པའི་རྐྱེན་བྱེད་ཀྱི་ཡོད་པ་དང་། དེའི་ཉེ་རྒྱུད་ས་གནས་སྤྱིར་སེན་ཊི་མི་ཊར་ ༩༠
ལ་མ་གཏོགས་སོབ་ཞུགས་ཀྱི་མེད་པའི་གནས་སྟངས་ལ་ལྟོས་ན་ཚད་ཧ་ཅང་མཐོན་པོ་ཡིན། ལྕགས་མདོང་དེས་ལྷ་སར་སྣུམ་འདྲེན་ཀྱི་ཡོད། གོང་གསལ་གནས་སྟངས་དེ་དག་དང་མཚུངས་པར། འཁྱགས་ཆུ་ས་གཏིང་དུ་བཞུར་བས་ཟམ་པ་ཁག་དང་ཆུ་འདྲེན་སྦུག་ལམ་སོགས་ལ་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད།
ཉེ་དུས་ཀྱི་ཉམས་ཞིབ་པ་ཁག་གིས་བོད་མཐོ་སྒང་གི་ས་གནས་མང་པོའི་གཏན་ཆགས་འཁྱགས་རིམ་ལ་སོབ་ཞུགས་བཞིན་པ་དེས་བཟོ་ལས་འཛུགས་བསྐྲུན་ཁག་ལ་ཤུགས་རྐྱེན་ངན་པ་ཐེབས་པ་མ་ཟད། རྩ་དང་རྩི་ཤིང་
གི་རིགས་དང་། ཆུའི་གནས་སྟངས་གཉིས་ཀར་དོ་ཕོག་ཐེབས་བཞིན་ཡོད་པ་གསལ་སྟོན་བྱས་གཕྱི་ལོ་ ༢༠༠༧ ལོར་ཁྲེང་(Cheng)དང་ཝུ་ (Wu) གཉིས་ཀྱིས་ཉམས་ཞིབ་བྱས་པ་ལྟར་ན། བོད་མཐོ་སྒང་གི་
གཏན་ཆགས་འཁྱགས་རིམ་ལ་སོབ་ཞུགས་པའི་ཚད་དེ་ཨ་ལཱས་ཀ་ (Alaska)ལས་ཤུགས་ཆེ་བ་ཡོད་འདུག ཕྱི་ལོ་ ༡༩༩༩ དང་དེའི་སྔོན་དུས་ཀྱི་ལོ་ཟླའི་ནང་རྨ་ཆུ་སྟོད་ནས་སྤྱི་ལེ་ ༧༠ སར་ཆགས་པའི་སྐམ་ཤས་ཆེ་བའི་ཨ་མདོ་ཧྭ་ཧྲི་ཞ་གཏན་ཆགས་འཁྱགས་རིམ་ས་ཚིགས་ཀྱིས་འཁྱགས་སའི་གནས་སྟངས་ལ་རྟོག་ཞིབ་བྱས་པ་ལས། གཏན་ཆགས་འཁྱགས་རིམ་གྱི་རྣམ་འགྱུར་སྐྱེན་པའི་ས་རིམ་རྣམས་སོབ་པའི་ནམ་དུས་སུ། གངས་འཁྱགས་བཞུར་བའི་ཆུ་རྒྱུན་དང་ཆར་ཆུས་ཚད་བརྒལ་གྱི་བརླན་ཞུགས་པ་ཤེས་རྟོགས་བྱུང་ཡོད། ཁོང་ཚོའི་ཉམས་ཞིབ་ཀྱིས་གསལ་སྟོན་བྱས་པ་ལྟར་ན། མཚོ་བོད་གཞུང་ལམ་གྱི་རྒྱུད་དུ་གནམ་གཤིས་ཚ་དྲོད་ཀྱིས་ཉམས་རྒུད་དུ་ཕྱིན་པའི་གཏན་ཆགས་འཁྱགས་རིམ་བསྐྱར་གསོའ་ིལས་དོན་ཕལ་ཆེར་སྤྱི་ཡོངས་ནས་ལམ་ལྷོང་བྱུང་མེད་ཅིང་། ཐ་ན་བཅོས་མའི་རྭ་སྐོར་གྱི་ཐབས་ལམ་ལ་བརྟེན་ནས་སོབ་ཞུགས་ཟིན་པ་དང་སོབ་བཞིན་པའི་གཏན་ཆགས་འཁྱགས་རིམ་གྱི་བཞུར་ཆུ་འགོག་སྲུང་གི་ལས་དོན་དེ་ཡང་ལེགས་གྲུབ་བྱུང་མེད། གང་ལྟར་གཏན་ཆགས་འཁྱགས་རིམ་ས་གཞིར་ཚ་དྲོད་རྒྱས་པའི་མྱུར་ཚད་ནི་ཆེས་ཉེན་ཚབས་ཀྱི་གནས་སྟངས་སུ་བསླེབས་ཡོད།
སོར་གྱིས་ཕུག་སྟེ་ས་འོག་བརྟག་དཔྱད་བྱས་པའི་སྙན་ཐོ་ཁག་གིས་ཨ་མདོ་མཚོ་སྔོན་དུ་ཕྱི་ལོ་ ༡༩༧༥ ཕྱི་ཟླ་ ༧ ནང་མི་ཊར་གསུམ་དང་ཕྱེད་ཀའི་ས་འོག་ཏུ་ཆགས་པའི་གཏན་ཆགས་འཁྱགས་རིམ་གྱི་མཐུག་ཚད་མི་ཊར་ ༦་
༥ ཡིན་རུང་། ཕྱི་ལོ་ ༡༩༨༩ ལོའ་ིཕྱི་ཟླ་ ༧ ནང་ས་ཆ་དེ་རང་དུ་རྟོག་ཞིབ་བྱེད་སྐབས། གཏན་ཆགས་འཁྱགས་རིམ་ཡོངས་རྫོགས་སོབ་སོབ་གྱུར་ཟིན་པ་ཤེས་འདུག ཡང་ཉམས་ཞིབ་གཞན་ཞིག་ཏུ་གཏན་ཆགས་འཁྱགས་རིམ་ཉམས་རྒུད་དུ་ཕྱིན་པ་དེས། ལྷ་སའི་བྱང་ཕྱོགས་ཀྱི་ནག་ཆུ་ས་ཁུལ་དུ་རྩྭ་ཐང་ཉམས་རྒུད་ཀྱི་གནས་སྟངས་ཆེས་ཉེན་ཚབས་ཆེ་བའི་གནས་སུ་གྱར་ཡོད་པ་བཤད་འདུག
ཡང་ཉམས་ཞིབ་པ་གཞན་འགའ་ཞིག་ལྟར་ན། རྨ་ཆུའི་ཆུ་འགོའི་ས་ཁུལ་དུ་དུམ་བུ་ཐར་ཐོར་དུ་ཆགས་པའི་གཏན་ཆགས་འཁྱགས་རིམ་གྱི་གཞི་རྟེན་དེ་ ཕྱི་ལོ་ ༡༩༧༠ དོན་གྲངས་ནས་ ༡༩༩༠ གོ་གྲངས་བར་མི་ཊར་ ༥༠
ནས་ ༧༠ ཙམ་གྱི་བར་སྲབ་ཏུ་ཕྱིན་ཡོད་པ་བཤད་འདུག བོད་མཐོ་སྒང་གི་ས་ཁུལ་མང་པོ་ཡང་གཏན་ཆགས་འཁྱགས་རིམ་ཇེ་སྲབ་དང་ཚ་དྲོད་ཇེ་མཐོར་ཕྱིན་པའི་སྐོར་ཟིན་ཐོར་བཀོད་འདུག ཕྱི་ལོ་ ༡༩༨༠ ནས་ ༡༩༩༨ བར་གྱི་དུས་ཡུན་ནང་འབྲི་ཆུ་དང་རྨ་ཆུའི་ཆུ་འགོའི་ས་ཁུལ་དུ་ཆགས་པའི་གཏན་ཆགས་འཁྱགས་རིམ་གྱི་ཚ་དྲོད་སེལ་ཤས་ ༠.༡༡ ནས་ ༠.༡༤ བར་འཕར་ཡོད་པ་དང་། རྣམ་འགྱུར་སྐྱེན་པའི་ས་རིམ་གྱི་མཐུག་ཚད་དེ་ལོ་རེར་སེན་ཊི་མི་ཊར་༢ ནས་ ༡༠ བར་འཕར་གྱི་ཡོད། གཏན་ཆགས་འཁྱགས་རིམ་གྱི་འགྱུར་བ་འདི་དག་གིས་སའི་ནང་གི་རླན་གཤེར་གྱི་ཚད་དང་། ཡང་ས་འོག་དང་རླུང་ཁམས་དབར་གྱི་ཀར་བོན་བརྗེ་ལེན་གྱི་བྱ་བར་ཡང་ཤུགས་རྐྱེན་ཐེབས་བཞིན་ཡོད། རྒྱུ་མཚན་དེ་འདྲར་སོང་བོད་མཐོ་སྒང་གི་གཏན་ཆགས་འཁྱགས་རིམ་གྱི་འགྱུར་ལྡོག་འདི་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་ལ་ཧ་ཅང་གལ་གནད་ཆེན་པོ་ཡིན། གཏན་ཆགས་འཁྱགས་རིམ་ཉམས་རྒུད་དུ་ཕྱིན་པ་དེས་རྩ་ཐང་དང་གཤེར་ས་འཁུམ་ཟད་དུ་འགྲོ་བ་དང་། མཚོ་དང་ས་འོག་ཆུ་རིམ་
གཉིས་ཀའི་ཚད་དམའ་རུ་འགྲོ་བའི་རྒྱུ་རྐྱེན་བྱེད་ཀྱི་ཡོད། འདིས་དབྱར་ཁའི་ཆར་དུས་མ་ཤར་བའི་སྔོན་ནས་སྟོན་ཐོག་འདེབས་ལས་བྱེད་པའི་ཞིང་པ་ཚོར་ཤུགས་རྐྱེན་ཚབས་ཆེན་ཐེབས་བཞིན་ཡོད། གནམ་གཤིས་འགྱུར་ལྡོག་གི་
རྐྱེན་གྱིས་དགུན་དུས་ཀྱི་གངས་དང་འཁྱགས་གྱུར་གྱི་ས་གཞི་རྣམས་བཞུར་སྔ་བ་འདིས། བོད་མཐོ་སྒང་གི་ཚ་དྲོད་རྒྱས་སྔ་བ་དང་འཁྱགས་འགྱུར་མི་ཐུབ་པའི་ནམ་དུས་ཇེ་རིང་དུ་གཏོང་བཞིན་ཡོད། བོད་མཐོ་སྒང་གི་ཞིང་པའི་ས་ཁུལ་དུ་ཚ་དྲོད་རྒྱས་པས་དུས་ཡུན་རིང་པོར་ཚ་དྲོད་གནས་པ་དེས་ཞིང་ས་རྣམས་སྐམ་པོར་འགྱུར་བའི་རྒྱུ་རྐྱེན་བྱེད་ཀྱི་ཡོད། དེའི་མཇུག་འབྲས་སུ་ནས་དང་འབྲུའི་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། འབྱུང་འགྱུར་གྱི་ཟ་འབྲུའི་བདེ་འཇགས་ལ་ཉེན་ཚབས་ཆེ་བའི་གནོད་སྐྱོན་ཐེབས་ཀྱི་ཡོད་ལ། ད་དུང་དེའི་སྟེང་མུ་གེ་ཡོང་བའི་ཉེན་ཁ་ཡང་ཡོད།
ཕྱི་ལོ་ ༢༠༠༧ ལོར་ཁྲེང་དང་ཝུ་གཉིས་ཀྱིས་རྟོག་ཞིབ་གནས་ཚུལ་ཕྱོགས་བསྡུས་བྱས་པ་ལས། རྒྱ་ནག་ནང་ཁུལ་དུ་འབྱུང་བའི་བྱེ་མའི་རླུང་འཚུབ་དང་བོད་མཐོ་སྒང་གི་གཏན་ཆགས་འཁྱགས་རིམ་ཚད་དམའ་ཤོས་སུ་ལྷུང་བའི་གནས་སྟངས་དབར་འབྲེལ་བ་ཧ་ཅང་ཉེ་པོ་ཡོད་པ་གསལ་སྟོན་བྱས་འདུག གཏན་ཆགས་འཁྱགས་རིམ་གྱི་མཐུག་ཚད་དམའ་པོར་གྱུར་པས་ས་གཞིའི་ཕྱི་ངོས་ཀྱི་རྣམ་འགྱུར་སྐྱེན་པའི་ས་གཞི་སྐམ་པོར་འགྱུར་གྱིན་ཡོད་པ་དེས། ས་རྡུལ་རྣམས་བྱེ་མའི་རླུང་འཚུབ་ཀྱིས་འཁྱེར་འདེད་བྱེད་བཞིན་ཡོད།
ནུབ་ཕྱོགས་ནས་འོངས་པའི་རླུང་བུས་བོད་མཐོ་སྒང་གི་བྱེ་མ་རྣམས་རྒྱ་ནག་ཤར་ཕྱོགས་སུ་འདེད་པར་བྱེད་ལ། ཆེས་ས་ཐག་རིང་སར་ཆགས་པའི་བྱང་པེ་སི་ཕིཀ་ཏུ་ཡང་འདེད་ཀྱིན་ཡོད།
ཕྱི་ལོ་ ༢༠༠༣ ལོར་ནེན་ (Nan) དང་ཁོང་གི་ལས་རོགས་ཚོས་ཤར་ཨེ་ཤི་ཡའི་ཐོག་གི་ངེས་གཏན་མེད་པའི་ཁ་ཆར་གྱི་འབབ་ཞོད་དང་ལྷག་རླུང་གི་དྲོད་ཚད་ལ་རྟོག་ཞིབ་བྱས་པའི་ཉམས་ཞིབ་ལྟར་ན། བོད་མཐོ་སྒང་
ཐོག་གི་ལོ་རེའི་ས་གཞིའི་སྤྱི་སྙོམ་ཚ་དྲོད་དེ་སྤྱིའི་འཕེལ་ཚད་ལྟར་སེལ་ཤས་༠.༤ ནས་ ༠.༥ བར་འཕར་ཚེ། ཕྱི་ལོ་ ༢༠༤༠ དུས་སྐབས་སུ་གཏན་ཆགས་འཁྱགས་རིམ་ཕལ་ཆེ་བ་རྩ་སྟོངས་སུ་འགྲོ་རྒྱུ་ཡིན་པ་བཤད་འདུག ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42307 བཀླགས་འདུག