Donate

ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན།

ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན།

དེ་ཡང་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་འདས་ཟིན་པའི་ལོ་ཟླའི་ནང་སྨྱོ་ཧམ་ཆེན་པོས་རང་བྱུང་ཁམས་ལ་འཐབ་རྩོད་བྱས་ནས།  རང་བྱུང་ཁམས་ལས་རྣམ་པར་རྒྱལ་དགོས་ཞེས་དང་།  ཡང་རང་བྱུང་ཁམས་དང་འཐབ་རྩོད་བྱས་ཏེ།  གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་གཏོང་དགོས་ཞེས་པ་སོགས་འབོད་ཚིག་སྣ་ཚོགས་ཤིག་བཏོན་ནས།  རང་ཉིད་འཚོ་གནས་བྱེད་སའི་རང་བྱུང་ཁམས་འདིར་ཚད་ལས་འདས་པའི་གནོད་འཚེ་བཏང་བའི་དབང་གིས། རང་བྱུང་ཁམས་ཀྱིས་ང་ཚོར་འཁོན་ལེན་སློག་པ་ལྟར་ས་ཡོམ་རྒྱག་པ་དང་།  རི་ཉིལ་བ། རྒྱ་མཚོའི་རྦ་རླབས་འཁྲུག་པ། དེ་བཞིན་ཡུལ་ཁག་གཅིག་ལ་དྲག་ཆར་བབས་ཏེ་ཆུ་ལོག་གི་གནོད་འཚེ་བཟོ་བ། ཡང་ཡུལ་ཁག་གཅིག་ལ་ཆར་ཆུ་མ་བབས་པར་ཐན་པ་བསྟན་པ་སོགས་འབྱུང་བའི་གནོད་འཚེ་མང་པོ་ཞིག་བཟོས་ནས། མིའི་རིགས་གཙོ་བོར་གྱུར་བའི་སྲོག་ཆགས་ཚང་མར་དཀའ་ངལ་ཧ་ཅང་གི་ཆེན་པོ་ཞིག་བཟོ་བཞིན་ཡོད། དེས་ན་ང་ཚོས་འདས་པའི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ་གནས་སྐབས་ཀྱི་ཁེ་ཕན་ཁོ་ནར་གཟིགས་ནས་མ་བཞུགས་པར་མིག་རྒྱང་རིང་པོས་ང་ཚོ་དང་ང་ཚོའི་མི་རབས་རྗེས་མ་རྣམས་ཀྱི་འཚོ་གནས་དང་།  བདེ་སྐྱིད་ཀྱི་ཆེད་དུ་ཁོར་ཡུག་སྲུང་སྐྱོང་བྱ་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཆགས་ཡོད།   དེ་ཡང་ཁོར་ཡུག་ཅེས་པ་ནི་རང་གི་ཉེ་ཁོར་ན་ཡོད་པའི་སྲོག་ཡོད་དང་སྲོག་མེད་ཀྱི་དངོས་པོ་མཐའ་དག་ལ་བརྗོད་པ་དང་།   སྲོག་ཡོད་དང་སྲོག་མེད་ཀྱི་དངོས་པོ་དེ་དག་ལ་སྲུང་སྐྱོང་བྱེད་པ་ལ་ཁོར་ཡུག་སྲུང་སྐྱོང་ཅེས་བརྗོད་དོ།།    དེ་ལྟ་བུའི་ཕྱིའི་ཁོར་ཡུག་གམ་རང་བྱུང་ཁམས་ཆེན་པོ་འདི་ཐོག་མར་ཆགས་དུས་སྲོག་ཡོད་དང་སྲོག་མེད་ཀྱི་དངོས་པོ་མཐའ་དག་མཉམ་དུ་འཚོ་གནས་བྱེད་སའི་ཆེད་དུ་ཆགས་པ་ལས། འགྲོ་བ་མི་གཅིག་པོ་འཚོ་གནས་བྱེད་སའི་ཆེད་དུ་ཆགས་པ་ཞིག་གཏན་ནས་མ་ཡིན།  འོན་ཀྱང་ད་ལྟ་ང་ཚོའི་སྤྱི་ཚོགས་ཐོག་གི་མི་མི་ཉུང་བ་ཞིག་གིས་རང་བྱུང་ཁམས་ཆེན་པོ་འདི་འགྲོ་བ་མི་གཅིག་པུ་ལ་བདག་པའི་འདུ་ཤེས་ཀྱི་ཐོག་ནས། མི་ཁོ་ནའི་ཁེ་ཕན་དང་བདེ་སྐྱིད་ཀྱི་ཆེད་དུ་རང་བྱུང་ཁམས་ཀྱི་སྲོག་ཆགས་གཞན་དང་།   སྐྱེ་དངོས་སྣ་ཚོགས།  དེ་བཞིན་ས་རྡོ་ཆུ་གསུམ་སོགས་ཚང་མར་གནོད་འཚེ་ཆེན་པོ་བཟོས་པའི་དབང་གིས།  འབྱུང་ཁམས་དོ་སྙོམས་སུ་གནས་རྒྱུར་ཤུགས་རྐྱེན་ངན་པ་བཟོས་ནས་འབྱུང་བའི་གནོད་འཚེ་སྣ་ཚོགས་ཤིག་ཡོང་གི་ཡོད་པ་ནི།    སྲོག་ཆགས་ཀུན་གྱི་ལུས་ལ་མཚོན་ན་ས་ཆུ་མེ་རླུང་སྟེ་འབྱུང་བ་བཞི་ལས་གྲུབ་པ་ཞིག་ཡིན་པས། འབྱུང་བ་བཞི་པོ་ཕན་ཚུན་འཁྲུག་པའི་དབང་གིས་ལུས་ལ་ནད་ན་ཚ་སྣ་ཚོགས་ཤིག་ཡོང་གི་ཡོད་པ་ལྟར།  རང་བྱུང་ཁམས་ཆེན་པོ་འདི་ཡང་འབྱུང་བ་བཞི་ལས་གྲུབ་པས་འབྱུང་བ་བཞི་པོ་དོ་སྙོམས་སུ་གནས་མི་ཐུབ་ན། རང་བྱུང་གི་གནོད་འཚེ་སྣ་ཚོགས་ཤིག་ཡོང་རྒྱུར་ཐེ་ཚོམ་མེད།  དེས་ན་ང་ཚོས་འབྱུང་བ་བཞི་ཕན་ཚུན་དོ་སྙོམས་སུ་གནས་ཐུབ་རྒྱུའི་ཆེད་དུ་རང་བྱུང་ཁམས་ལ་གནས་པའི་བདག་མེད་རི་དྭགས་དང་།  བདག་ཡོད་ཀྱི་ཕྱུགས་རིགས་སྣ་ཚོགས།  དེ་བཞིན་སྲོག་ཆགས་གྲོག་མ་འབུ་སྲིན་ཚུན་ཆད་དང་།  སྲོག་མེད་ཀྱི་དངོས་པོ་མཐའ་དག་ལ་སྲུང་སྐྱོང་ནན་ཏན་གྱིས་ཁོར་ཡུག་སྲུང་སྐྱོང་ཀྱི་ལས་ཀ་དེར་རང་གི་ཚེ་སྲོག་ལ་སྲུང་སྐྱོང་བྱེད་པ་ལྟ་བུའི་འདུ་ཤེས་ཤིག་འཇོག་དགོས་སོ།  །དེ་ལྟ་བུའི་ཁོར་ཡུག་སྲུང་སྐྱོང་ཀྱི་ལས་དོན་གལ་ཆེ་དེ་ལེགས་གྲུབ་བྱེད་པར་གཞུང་སྒེར་ཚང་མས་འབད་བརྩོན་གནང་དགོས་པས་ང་ཚོ་མི་སྒེར་སོ་སོས་ཀྱང་རྒྱུན་གཏན་འཚོ་བའི་ཁྲོད་དུ་ཁོར་ཡུག་སྲུང་སྐྱོང་ཀྱི་གོམས་གཤིས་བཟང་པོ་ཞིག་བཙུགས་ནས་རང་གིས་བྱེད་ཐུབ་པ་དང་།  བྱེད་འོས་པའི་ཁོར་ཡུག་སྲུང་སྐྱོང་ཀྱི་ལས་ཀ་རྣམས་ངེས་པར་དུ་བསྒྲུབ་དགོས་པ་ནི།

(༡)གད་སྙིགས་གང་བྱུང་དུ་མི་གཡུག་པ་དང་།  སྐྱག་གཅིན་གང་བྱུང་དུ་མི་གཏོང་བ།  ཁ་ལུད་སྣ་ལུད་གང་བྱུང་དུ་མི་གཡུག་པ་སོགས་བྱ་རྒྱུ་ནི་ཁོར་ཡུག་སྲུང་སྐྱོང་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་པས་དུས་རྒྱུན་ང་ཚོས་གླིང་ཁ་དང་།ཞིང་ནང་། རྩྭ་ཐང་སོགས་ཀྱི་སྟེང་དུ་བསྐྱོད་སྐབས་ཉིན་དེར་བཟོས་པའི་གད་སྙིགས་རྣམས་ཕྱིར་ལོག་མ་བྱས་གོང་གཅིག་ཀྱང་མ་ལུས་པ་གཙང་ཕྱགས་ཀྱིས་སྤྱི་པའི་གད་སྙིགས་བླུགས་སའི་ནང་བསྐྱལ་རྒྱུ་རྒྱུན་འཁྱོངས་བྱས་ནས། གད་སྙིགས་ཀྱིས་ཁོར་ཡུག་ལ་བཟོས་པའི་གནོད་འཚེ་ཉུང་དུ་གཏོང་བ་དང་།    ད་དུང་འགྱིག་ཤོག་དང་།  ཤེལ་དམ། ལྕགས་ཀྲིན་ལ་སོགས་པའི་གད་སྙིགས་དེ་ཚོ་ནི། སྐྱེ་དངོས་མཐའ་དག་གི་སྐྱེ་འཚར་ལ་གནོད་པ་ཤིན་ཏུ་ཆེ་བའི་ཟོག་རོ་ཤ་སྟག་ཡིན་པས་གད་སྙིགས་དེ་ཚོའི་རིགས་ཞིང་ནང་དང་།  རྩྭ་ཐང་། གླིང་ཁ་སོགས་ཀྱི་ཐོག་མ་གྲམ་པ་ཞིག་ངེས་པར་དུ་བྱ་དགོས་སོ།།

 ghazipur-civic-bodies-2_647_122815081307download

(༢)ཤིང་ནགས་གང་བྱུང་དུ་གཅོད་པ་ལ་ཚོད་འཛིན་ནན་པོ་བྱེད་དགོས་པ་དེ་ཡང་ཁོར་ཡུག་སྲུང་སྐྱོང་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་ཞིང་། ཤིང་ནགས་ནི་མིའི་རིགས་གཙོ་བོར་འགྱུར་བའི་སྲོག་ཆགས་ཀུན་གྱི་ལུས་པོའི་བདེ་ཐང་ལ་ཕན་པ་ཤིན་ཏུ་ཆེ་བའི་སྐྱེ་དངོས་ཤིག་ཡིན་པས།  ང་ཚོས་ཤིང་ནགས་མང་པོ་འདེབས་འཛུགས་ཀྱིས་དེ་དག་ལ་སྲུང་སྐྱོང་ནན་ཏན་བྱས་ནས་ཁོར་ཡུག་སྔོ་ལྗང་ཅན་དུ་འགྱུར་ན། ཤིང་ནགས་དེ་དག་གིས་ཡུལ་ལྗོངས་མཛེས་སྡུག་ལྡན་པ་ཞིག་ཆགས་པ་མ་ཟད།  མི་དང་སྲོག་ཆགས་ཀུན་ལ་གསོ་རླུང་སོས་པ་མང་པོ་ཞིག་མཁོ་འདོན་བྱས་ཏེ་ལུས་པོ་བདེ་ཐང་དུ་གནས་རྒྱུ་དང་།མི་ཚེ་རིང་དུ་འགྲོ་བ་སོགས་ལ་ཕན་པ་ཆེན་པོ་བསྐྲུན་ཐུབ་པས།  ང་ཚོས་ཤིང་ནགས་འཛུགས་སྐྱོང་བྱེད་པ་ལས་ཤིང་ནགས་རང་དགར་རྩ་བཀོག་གཏོང་བ་དང་།  གཅོད་བྲེག་བྱེད་པའི་བྱེད་སྟངས་ངན་པ་དེ་ཚོར་བཀག་འགོག་ནན་ཏན་བྱ་དགོས་སོ།།

54b9efe780c43-full deforestation-tree-removal

(༣)ཆུ་ལ་བཙོག་སྐྱོན་མི་གཏོང་བ་དང་།  ཆུ་གྲོན་ཆུང་བྱ་དགོས་པ་དེ་ཡང་ཁོར་ཡུག་སྲུང་སྐྱོང་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་ཞིང་།བོད་ཀྱི་གཏམ་དཔེར་ཆུ་མེ་ཤིང་མུ་གེའི་བླ་རུས་ཡིན་ཞེས་པ་ལྟར་ཆུ་ནི་མིའི་རིགས་གཙོ་བོར་གྱུར་བའི་སྲོག་ཆགས་དང་། སྐྱེ་དངོས་ཐམས་ཅད་འཚོ་གནས་བྱེད་པར་མེད་དུ་མི་རུང་བའི་དངོས་པོ་སྨན་མཆོག་རིན་ཆེན་བདུད་རྩི་ལས་ཀྱང་ལྷག་པ་ཞིག་ཡིན་ཞིང་། དེ་ལྟ་བུའི་རྩ་ཆེའི་དངོས་པོ་ཆུ་དེ་ནམ་ཞིག་རྫོགས་རྒྱུ་ཡིན་པ་ནི་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་དངོས་པོའི་ཆོས་ཉིད་དུ་གྲུབ་ཟིན་ཏོ།  །དེས་ན་ང་ཚོས་རང་ཉིད་ས་ཆ་གང་ཞིག་ཏུ་གཞིས་ཆགས་ཀྱང་དེ་གའི་ཆུ་བོ་ཆེ་ཆུང་ཚང་མར་བཙོག་སྐྱོན་མི་བཟོ་བ་དང་།  གང་བྱུང་དུ་ཆུ་འཕྲོ་བརླག་མི་གཏོང་བ་སོགས་བྱ་རྒྱུ་ནི། རང་དང་རང་ཉིད་ཀྱི་མི་རབས་རྗེས་མ་རྣམས་ཀྱི་འཚོ་གནས་ཀྱི་ཆེད་དུ་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་བ་ཡིན་པས།     ང་ཚོས་ཆུ་ལ་བཙོག་སྐྱོན་མི་གཏོང་བ་དང་། ཆུ་གྲོན་ཆུང་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེའོ།།

download-2 images

(༤)གཏེར་ཁའི་རིགས་ལ་སྲུང་སྐྱོང་བྱ་དགོས་པ་དེ་ཡང་ཁོར་ཡུག་སྲུང་སྐྱོང་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་པ་ནི།  ས་ཡི་སྙིང་པོ་གཅིག་ཏུ་བསྡུས་པའི་རིན་ཆེན་གཏེར་ཁའི་རིགས་དེ་དག་གིས་རང་བྱུང་ཁམས་ཀྱི་ས་བཅུད་ཡུལ་བཅུད་རྣམས་སྲུང་བར་བྱེད་ཅིང་། ས་བཅུད་ཡུལ་བཅུད་དེ་དག་ལ་བརྟེན་ནས་ས་ཡོམ་རྒྱག་པ་དང་རི་ཉིལ་བ།  དེ་བཞིན་ཆུ་སྐྱོན་དང་ཐན་སྐྱོན་སོགས་རང་བྱུང་གི་གནོད་འཚེ་རྣམས་མི་ཡོང་སྔོན་འགོག་བྱ་རྒྱུར་ཕན་པ་ཤིན་ཏུ་ཆེ་བས་ང་ཚོས་མིག་མདུན་གྱི་ཁེ་ཕན་ཁོ་ནར་མ་བལྟས་པར་མིག་རྒྱང་རིང་པོས་འགྲོ་བ་སེམས་ཅན་སྤྱི་དང་ལྷག་པར་དུ་མི་རབས་རྗེས་མ་རྣམས་ཀྱི་འཚོ་གནས་ཀྱི་ཆེད་དུ་གཏེར་ཁའི་རིགས་སྔོག་འདོན་བྱེད་པར་ཚོད་འཛིན་དང་།  བཀག་འགོག་ནན་ཏན་བྱ་དགོས་སོ།།

images-3 download-3

(༥)ད་ལྟ་སྤྱི་ཚོགས་ཐོག་ཡོད་བཞིན་པའི་བཟོ་གྲྭ་དེ་དག་ཁོར་ཡུག་ལ་གནོད་འཚེ་ཤུགས་ཆེ་ཤོས་བསྐྱལ་མཁན་ཞིག་ཡིན་པ་ནི།   བཟོ་གྲྭ་དང་བཟོ་གྲྭ་དེ་དག་ལས་ཐོན་པའི་རླངས་འཁོར་གྱི་དུ་ངན་དང་། རྫས་ངན་གྱི་སྙིགས་རོ་མང་པོ་ཞིག་རང་བྱུང་ཁམས་ལ་བསྐྱལ་བའི་དབང་གིས་འབྱུང་བཞིའི་བྱེད་ནུས་ལ་གནོད་འཚེ་བཟོས་ཏེ་འབྱུང་བ་འཁྲུག་པས་འཛམ་གླིང་ཧྲིལ་པོར་ཚ་དྲོད་འཕེལ་བ་དང་། དུས་བཞིའི་འགྱུར་བ་མི་སྙོམས་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཤིག་བཟོ་ཡི་ཡོད།  དེས་ན་སླད་ང་ཚོས་ཁོར་ཡུག་ལ་གནོད་འཚེ་མེད་པའི་ལག་ཤེས་ཀྱི་ཐོན་རྫས་རྣམས་བེད་སྤྱོད་མང་ཙམ་བཏང་སྟེ་བཟོ་གྲྭ་ནས་ཐོན་པའི་ཐོན་རྫས་རྣམས་བེད་སྤྱོད་ཉུང་ཙམ་དང་།  དེ་བཞིན་རླངས་འཁོར་སོགས་འཕྲུལ་རིགས་རྣམས་བེད་སྤྱོད་ཉུང་ཙམ་བཏང་ནས་ཁ་ཡོད་ལག་ཡོད་ཀྱིས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་སོ།།     མདོར་ན་ད་ལྟ་ང་ཚོ་གནས་སའི་ཁོར་ཡུག་འདིར་རང་བྱུང་གི་གནོད་འཚེ་ལོ་རེ་ལས་ལོ་རེ་མང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི།  མིག་ན་དགོས་པ་ལག་པས་བཟོས།  །ཞེས་པའི་དཔེ་ལྟར་ང་ཚོ་རང་ཉིད་ནས་ཁོར་ཡུག་ལ་གནོད་འཚེ་བཏང་བ་ལས་བྱུང་བ་ཞིག་ཡིན་པས་ན། ང་ཚོ་ཚང་མས་ལམ་ནོར་ལྡོག་ཤེས་ཀྱིས་རང་ཉིད་གནས་སའི་ཁོར་ཡུག་འདིར་གཅེས་སྐྱོང་དང་།  སྲུང་སྐྱོང་ནན་ཏན་བྱ་དགོས་པ་ནི་མི་སུས་ཀྱང་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བའི་བྱ་བ་གལ་ཆེན་ཞིག་ཆགས་ཡོད་དོ།།

images-1 images-2 download-1

རྩོམ་པ་པོ།  བསོད་ནམས་ཆོས་དར།

བསོད་ནམས་ཆོས་དར།

སྤྱི་ལོ་ ༡༩༥༩ ལོར་སྐྱེས།  སྤྱི་ལོ་ ༡༩༨༧ ལོ་ནས་རྩོམ་ཡིག་འབྲི་འགོ་ཚུགས་ཤིང་ད་བར་ཚགས་པར་དང་དུས་དེབ་རིགས་མི་འདྲ་བའི་ཐོག་སློབ་གསོ་སློབ་ཁྲིད་སྐོར་གྱི་དཔྱད་རྩོམ་དང་རྩོམ་ཡིག་བརྒྱ་ལྷག་སྤེལ་ཞིང་།  སྔ་རྗེས་སུ་《སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྩོམ་ཡིག་སྦྱོང་བའི་མྱུར་ལམ།》《འཕན་ཡུལ་གྱི་གནས་བཤད་ངོ་མཚར་རིགས་ཀྱི་བང་མཛོད།》《འཕན་ཡུལ་རིག་པའི་འབྱུང་གནས།》ལ་སོགས་པར་དཔེ་དེབ་ པར་སྐྲུན་འགྲེམས་སྤེལ་ཞུས།  སྤྱི་ལོ་ ༡༩༩༥ ལོར་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དགེ་རྒན་དང་ལྗོངས་ཡོངས་ཀྱི་ཕུལ་བྱུང་དགེ་རྒན། སྤྱི་ལོ་ ༢༠༠༡ ལོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་དང་ལྗོངས་ཡོངས་ཀྱི་ཕུལ་བྱུང་དགེ་རྒན། སྤྱི་ལོ་ ༢༠༠༤ ལོར་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལྟའི་མི་སྣ་དང་།  དགེ་རྒན་ཆེན་མོ་གཞོན་པའི་གོ་མིང་ཐོབ།  སྤྱི་ལོ་ ༢༠༠༦ ལོར་བོད་ལྗོངས་ཀྱི་དམིགས་བསལ་རིམ་པའི་དགེ་རྒན་ལ་བདམས་ཐོན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཡང་ལོངས་སྤྱོད་ཐོབ་པ་བཅས་སོ།།

 

ཐེངས་ 421023 བཀླགས་འདུག