གཙང་པོའི་ཆུ་མགོའི་ས་ཁུལ་དང་གཤེར་ས་ཁག་སྐམ་བཞིན་པ།
གཏན་ཆགས་འཁྱགས་རིམ་དུས་མིན་དུ་སོབ་པ། དེ་བཞིན་འཁྱགས་རོམ་བཞུར་སྟོངས་སུ་འགྲོ་བཞིན་པ། རྩྭ་ཐང་བྱེ་ཐང་དུ་འགྱུར་བའི་དབང་གིས་རླུང་ཁམས་གྱི་ཀར་བོན་བསྡུ་ལེན་ལ་ཉམས་སྐྱོན་འབྱུང་བཞིན་པ་སོགས་ནི།
དེང་སང་བོད་མཐོ་སྒང་གི་ཁོར་ཡུག་ཉམས་རྒུད་ཀྱི་རྣམ་པ་འདྲ་མིན་དག་ཡིན།གནས་སྟངས་འདི་དག་གིས་བོད་མཐོ་སྒང་ཙམ་མ་ཟད། ཁྱིམ་མཚེས་ཡུལ་གྲུ་ཁག་ལའང་ཚབས་ཆེའི་ཤུགས་རྐྱེན་ཐེབས་རྒྱུ་དང་། ཚ་དྲོད་ཀྱི་འཕེལ་ཤུགས་ཀྱང་ཆེ་རུ་འགྲོ་སྲིད་པ་ཡིན།
འཁྱགས་རོམ་བཞུར་ཟད་དང་གཏན་ཆགས་འཁྱགས་རིམ་སོབ་པོར་འགྱུར་བཞིན་པ།
ཉེ་དུས་ཀྱི་ཉམས་ཞིབ་པ་ཁག་གིས་བོད་མཐོ་སྒང་གི་གཏན་ཆགས་འཁྱགས་རིམ་དང་འཁྱགས་རོམ་སོབ་པའི་གནས་སྟངས་འདིས། གོ་ལའི་རླུང་ཁམས་ནང་དྲོད་ཁང་རླངས་རྫས་འབོར་ཆེན་ཞིག་གློད་གཏོང་བྱ་རྒྱུ་ཡིན་པ་
དང་། དེང་སྐབས་མངོན་དུ་འགྱུར་བཞིན་པའི་གནམ་གཤིས་ཚ་དྲོད་ཐོག་ལའང་འགྱུར་བ་མང་དག་ཅིག་འདྲེན་རྒྱུ་ཡིན་པ་གསལ་སྟོན་བྱས་འདུག དགུན་ཁའི་ལྷག་རླུང་གི་དྲོད་ཚད་དམའ་བའི་གནས་སྟངས་འདིས། བོད་མཐོ་སྒང་གི་གཏན་ཆགས་འཁྱགས་རིམ་དང་། ནམ་དུས་དང་བསྟུན་ཏེ་འཁྱགས་སའི་ངོ་བོར་འགྱུར་བའི་ས་གཞི་ཁག་དུས་ཡུན་རིང་པོར་སྲུང་སྐྱོབ་ལེགས་པོ་བྱེད་ཐུབ་ཡོད། ད་ལྟའི་བར་མཐོ་སྒང་འཁྱགས་ས་སོབ་པ་དང་། ཡང་བསྐྱར་འཁྱགས་སར་འགྱུར་པའི་གནས་ལུགས་འདིས། བོད་མཐོ་སྒང་གི་གཉོད་ཆུང་བའི་རྩི་ཤིང་གི་སྙོམ་གནས་ལ་གལ་ཆེའི་ཕན་པ་བསྒྲུབས་ཡོད།
གྲང་དུས་ཀྱི་སྤྱི་སྙོམ་དྲོད་ཚད་ཤུགས་ཆེར་འཕར་བ་དང་མཉམ་དུ། ཏན་ཆགས་འཁྱགས་རིམ་དང་ནམ་དུས་རྗེས་འབྲེལ་འཁྱགས་ས་ཁག་ག་ལེར་ཉམས་རྒུད་དུ་འགྲོ་བཞིན་པ་འདིས། དེ་སྔ་འཁྱགས་གྱུར་སྐྱེ་ལྡན་ཀར་བོན་སུ་གྲུབ་པའི་རིགས་རྣམས་རུལ་སྲུངས་སྐྱེ་ལྡན་ཕྲ་ཕུང་གི་ངོ་བོར་འཕེལ་རྒྱས་ཀྱི་སྣེ་འཁྲིད་བྱེད་ཀྱི་ཡོད། འདི་དག་གི་མཇུག་འབྲས་ནི། ཀར་བོན་འཚོ་རླུང་གཉིས་ལྡན་དང་ན་རླངས་ཀྱི་རིགས་རྣམས་ས་གཞིའི་སྐྱེ་ཁམས་མ་ལག་ནས་རླུང་ཁམས་ཀྱི་ནང་དུ་གློད་གཏོང་བྱེད་པ་ཡིན། དེ་ལྟར་སོབ་ཞུགས་པའི་གཏན་ཆགས་འཁྱགས་རིམ་དང་གཏན་འཁྱགས་བཞུ་རྗེས་ས་གཞིའི་ཕྱི་ངོས་འདི་དག་ལ་ད་ལྟའི་སྐྱེ་ཁམས་མ་ལག་གི་གྲུབ་གཞིས་གདོང་ལེན་བྱེད་མི་ཐུབ།
སྤྱིར་བཏང་བྱས་ན། རྣམ་འགྱུར་སྐྱེན་པའི་སའི་རིམ་པ་ཇེ་མཐུག་ཏུ་ཕྱིན་པའི་དབང་གིས་གཏན་ཆགས་འཁྱགས་རིམ་ཁག་ལ་ག་ལེར་སོབ་ཞུགས་པ་དང་། དེ་བཞིན་དབྱར་དུས་ཀྱི་དྲོད་ཚད་མཐོན་པོར་སླེབས་པ་དང་། དགུན་
དུས་དྲོད་ཆེ་བ། དུས་མིན་འབབ་ཞོད་བཅས་ཀྱིས་རྣམ་འགྱུར་སྐྱེན་པའི་ས་རིམ་རྒྱ་ཆེར་བཏང་སྟེ། གཏན་ཆགས་འཁྱགས་རིམ་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་བྱེད་ཀྱི་ཡོད།
ཕྱི་ལོ་ ༢༠༠༨ ལོར་ཤུར་(Schur)དང་ཁོང་གི་ལས་རོགས་ཚོས་གཏན་ཆགས་འཁྱགས་རིམ་བཞུར་ཏེ་ཀར་བོན་རླུང་ཁམས་ནང་གློད་གཏོང་བྱེད་པའི་གྲངས་ཚད་དེ་གཏན་ཆགས་འཁྱགས་རིམ་ཉར་སྲུང་བྱས་པའི་སར་གནས་པའི་སྐྱེ་ལྡན་ཀར་བོན་དང་བསྡུར་ན་ཧ་ཅང་གི་ཚད་མཐོ་བ་ཡོད་པ་བཤད་འདུག རླུང་ཁམས་སུ་ཀར་བོན་གློད་གཏོང་བྱེད་པའི་གནས་སྟངས་འདི་ནི། གཏན་ཆགས་འཁྱགས་རིམ་གྱི་ཀར་བོན་འདུས་བསགས་ཀྱི་ཕུང་པོའི་ཚད་གཞི་དང། ད་དུང་མུ་མཐུད་དུ་འབྱུང་བཞིན་པའི་སྐྱེ་ལྡན་ཕྲ་ཕུང་རུལ་འཇིག་གི་བརྒྱུད་རིམ་ལ་ལྟོས་ཤིང་། དེ་དག་གི་རྗེས་སུ་འགྲོ་ལྡོག་བྱེད་པ་ཞིག་ཡིན། འདི་ལྟའི་གཏན་ཆགས་འཁྱགས་རིམ་གྱི་སྐྱེ་ལྡན་ཀར་བོན་རུལ་འཇིག་གི་གནས་སྟངས་འདི་འཚོ་རླུང་དང་འཕྲད་པའི་སྐབས་སུ་གཙོ་བོ་ཀར་བོན་འཚོ་རླུང་གཉིས་ལྡན་རླུང་ཁམས་སུ་གློད་གཏོང་བྱེད་ཀྱི་ཡོད་ལ། འཚོ་རླུང་མེད་པའི་སྐབས་སུ་ན་རླངས་དང་ཀར་བོན་འཚོ་རླུང་གཉིས་ལྡན་གཉིས་ཀ་གློད་གཏོང་བྱེད་ཀྱི་ཡོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།
ཐེངས་ 42278 བཀླགས་འདུག