ཁྲིན་ཏུ་ནས་ལྷ་སར་གཞུང་ལམ་གསར་རྒྱག
སི་ཁྲོན་ཁྲིན་ཏུ་ནས་རྔ་པ་དང་མགོ་ལོག་རྨ་ཆེན་སོགས་བརྒྱུད་དེ་བོད་ཀྱི་རྒྱལ་ས་ལྷ་སའི་བར་གཞུང་ལམ་ཆེན་པོ་ཞིག་བཟོ་སྐྲུན་བྱེད་བཞིན་ཡོད་འདུག
བོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ༢༠༡༤ ལོའི་ཕྱི་ཟླ་ ༤ པ་ནས་མགོ་བཙུགས་ཏེ་སི་ཁྲོན་ཁྲིན་ཏུ་གྲོང་ཁྱེར་ནས་མགོ་བཙུགས་ཏེ་རྔ་པ་དང་མགོ་ལོག་རྨ་ཆེན་གངས་རི་སོགས་བརྒྱུད་མཛོ་རྒན་ར་བར་བརྒྱུད་གཞུང་ལམ་ཆེན་པོ་ཞིག་བཟོས་ཡོད་པ་དང་། མཛོ་རྒན་བར་ནས་ལམ་སྣེ་གཉིས་སུ་དབྱེ་སྟེ་ལམ་སྣེ་གཅིག་ན་གོར་མོ་ནས་ནག་ཆུ་བརྒྱུད་བོད་ཀྱི་རྒྱལ་ས་ལྷ་སར་བཟོ་འཆར་ཡོད་པ་དང་། ལམ་སྣེ་གཞན་དེ་ཡུལ་ཤུལ་ཁུལ་ནས་ཀོང་པོ་བརྒྱུད་ལྷ་སར་བཟོ་འཆར་ཡོད་འདུག
ད་ལྟའི་ཆར་ལམ་སྣེ་གཅིག་རྨ་ཆེན་གངས་རིའི་རི་རྒྱུད་ནས་སྟོང་གི་རྫ་རིའི་ལ་ཁར་བསླེབས་ཡོད་པ་དང་། ལམ་སྣེ་གཞན་དེ་ཁྲ་ཁེའི་འཛམ་གླིང་ལ་ཁ་ཞེས་པར་བསླེབས་ཡོད་འདུག་ཅིང་། ལམ་ཆེན་འདི་ནི་ད་ལྟ་བོད་ཡུལ་དུ་འཛུགས་སྐྲུན་བྱེད་བཞིན་པའི་གཞུང་ལམ་ལས་གཞི་ཆེ་ཤོས་དེ་ཡིན་འདུག ཁྲིན་ཏུ་ནས་ལྷ་ས་བར་གྱི་གཞུང་ལམ་རིང་ཚད་སྤྱི་ལེ་ ༡༩༥༦ ཡོད་པ་དང་། དེའི་ནང་སྤྱི་ལེ་ ༩༤༥ ཙམ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་སུ་འཁེལ་ཡོད་ཅིང་། ལམ་བར་དུ་ཟམ་པ་དང་ཕུག་ལམ་ ༡༢༠ ཙམ་བཟོ་དགོས་ཀྱི་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ལམ་ཆེན་གྱི་ཐིག་ཚད་སྟེང་ཁེལ་ཡོད་པའི་བོད་པའི་གནས་རི་རྩ་ཆེན་དང་རྒྱུག་ཆུ་སོགས་ལ་གཏོར་བརླག་གཏོང་གི་ཡོད་པ་མ་ཟད། ཐིག་ཚད་བརྒྱུད་ཀྱི་འབྲོག་པའི་རྩྭ་ས་ཡོངས་རྫོགས་བཙན་གྱིས་གཞུང་བཞེས་གཏོང་གི་ཡོད་འདུག ཁྲིན་ཏུའུ་ནས་ལྷ་ས་བར་དུ་གཞུང་ལམ་ཆེན་མོ་བཟོ་བསྐྲུན་བྱས་པ་དེས་རྒྱ་ནག་གཞུང་གི་བོད་ཡུལ་དུ་མི་སེར་སྤེལ་ཡུལ་དང་། དེ་ཁུལ་དུ་དམག་དོན་རྟེན་གཞི་དང་གཏེར་ཁ་སྔོག་འདོན་སོགས་ལ་དམིགས་ཡོད་སྐོར་སོགས་བརྗོད་བྱུང་།
བོད་ཀྱི་དུས་བབ་ལས་དྲངས།
ཐེངས་ 42275 བཀླགས་འདུག