ས་མཐོའི་བོད་ཀྱི་ཆུ་བོའི་འབྱུང་ཁུངས་དང་ཁོར་ཡུག་ཐད་ལྷན་ཚོགས།
གངས་ཅན་བོད་ཀྱི་ས་མཐོའི་ཆུ་བོ་དང་ཁོར་ཡུག་ཉམས་ཆག་འགྲོ་ཡི་ཡོད་པའི་སྐོར་ལ་ཡོ་རོབ་གྲོས་ཚོགས་ནང་ལྷན་ཚོགས་ཤིག་གནང་ཡོད་པ།དེ་ཡང་རིང་མིན་ཧྥ་རན་སིའི་རྒྱལ་ས་པཱ་རི་སི་ནང་འཛམ་གླིང་གི་ཚ་དྲོད་འཕེལ་བ་འགོག་ཐབས་ཀྱི་ཆེད་དུ། འཛམ་གླིང་ནང་དཔལ་འབྱོར་འཛུགས་བསྐྲུན་ཡར་ཐོན་ཅན་གྱི་ཡུལ་ཁག་ཚོས་Cop21ཞེས་པའི་རྒྱལ་སྤྱིའི་ཆེས་མཐོའི་ལྷན་ཚོགས་ཤིག་གནང་འཆར་ཡོད་པ་དེ་དང་བསྟུན། འདི་ཚེས་༡༦ཉིན་འཛམ་གླིང་གི་ཆུའི་འབྱུང་ཁུངས་སྣེ་གསུམ་པར་གྲགས་པ་གངས་ཅན་བོད་ཀྱི་ས་མཐོའི་གངས་རི་ཆུ་བོའི་འབྱུང་ཁུངས་དེ་ཚོ་དང་བཅས་པར་ཉམས་ཆག་འགྲོ་ཡི་ཡོད་པའི་སྐོར་ལའང་ཡོ་རོབ་གྲོས་ཚོགས་ཀྱི་ནང་ལྷན་ཚོགས་ཤིག་གནང་ཡོད་པ་རེད།
ལྷན་ཚོགས་དེའི་ནང་མཉམ་བཞུགས་གནང་མཁན་གྱི་གྲས་སུ་དབྱིན་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྔོ་ལྗང་ཚོགས་པའི་དབུ་ཁྲིད་Molly Scott Catoདང་། རོ་མན་ནི་ཡའི་ཡུལ་གྱི་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མི་Scabs Sogor དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་མཉམ་རུབ་ཀྱིས་ལྷན་ཚོགས་དེ་གོ་སྒྲིག་གནང་བ་ཡིན་འདུག
ལྷན་ཚོགས་དེའི་སར་གསུང་བཤད་གནང་མཁན་གྱི་གྲས་སུ་ད་ཕན་ལོ་ངོ་༣༠་ལྷག་ཙམ་གྱི་རིང་བོད་ཀྱི་ཁོར་ཡུག་འབྱུང་ཁམས་དང་འབྲེལ་བའི་སྲིད་བྱུས་སློབ་སྟོན་པ་Gabriel Lafitteདང་། དེ་བཞིན་སྤྱི་ཚོགས་ལས་དོན་གྱི་སྲིད་བྱུས་དང་འཛུགས་བསྐྲུན་སློབ་སྦྱོང་གནང་མཁན་དགེ་ཆེ་Dr. Andrew Fischerབཅས་ཀྱིས་གངས་ཅན་བོད་ཀྱི་གངས་རི་དང་། ཆུ་བོའི་འབྱུང་ཁུངས་དེ་ཚོ་འཛམ་གླིང་གི་ཆུ་བོའི་འབྱུང་གནས་གཙོ་བོ་ཞིག་ཡིན་པ་དེ་ཚོ་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེ་ཡིན་པ་རྒྱ་ནག་གི་ཕྱོགས་ནས་བོད་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞིས་མཚོན་པས་བོད་ཀྱི་ཁོར་ཡུག་ལ་གནོད་ཚབས་ཡོང་གི་ཡོད་པའི་སྐོར་སོགས་གསུང་བཤད་གཙོ་བོར་གནང་གི་ཡོད་པ་རེད།
ཡང་Brusselsསྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཀྱིས། ལྷོ་བྱང་སྣེ་གཉིས་ཀྱི་རྗེས་སུ་བོད་མཐོ་སྒང་ནི་འཁྱགས་རོམ་དང་ཆུའི་འབྱུང་ཁུངས་ཆེ་ཤོས་དེ་ཆགས་ཡོད་པར་བརྟེན་བོད་འདི་བཞིན་འཛམ་གླིང་གི་སྣེ་གསུམ་པ་ཡིན་ཞེས་བརྗོད་ཀྱི་ཡོད་ཀྱང་ད་ཆ་བོད་ཀྱི་འཁྱགས་རོམ་བརྒྱ་ཆ་༨༢ཙམ་བཞུར་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་༢༠༥༠ནང་། བོད་ཀྱི་འཁྱགས་རོམ་གྱི་གྲངས་ཚད་གསུམ་ཆ་གཉིས་མེད་པ་ཆགས་རྒྱུའི་ཉེན་ཁའི་གནས་སྟངས་སོགས་ཀྱི་སྐོར་ངོ་སྤྲོད་གནང་འདུག
གནས་ཚུལ་ཡོང་ཁུངས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་།
ཐེངས་ 42363 བཀླགས་འདུག