བཀའ་དྲིན་རྗེས་དྲན་མཚོན་ཆེད་ཁོར་ཡུག་གཙང་བཟོ་བྱས་པ།
ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༩ རེས་གཟའ་པ་སངས་ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་འགན་འཁུར་གོ་སྒྲིག་འོག དྷ་ས་ཁོར་ཡུག་ལས་ཁུངས་དང་། བུད་མེད་ཚོགས་པ། དེ་བཞིན་ཐང་ཁྲོམ་སྐྱིད་སྡུག་བཅས་མཉམ་ཞུགས་ཀྱིས་ཁྱོན་མི་གྲངས་ ༡༣༠ ཙམ་གྱིས་དྷ་ས་དང་དམིགས་བསལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཁོར་ར་ཁོར་ཡུག་ཏུ་གད་སྙིགས་བསྡུ་རུབ་ཀྱིས་ཁོར་ཡུག་གཙང་བཟོ་བྱས།གཙང་བཟོ་བྱེད་མཁན་རྣམས་དྷ་ས་མེ་གྷན་གཡས་གཡོན་དང་། དྷ་སྟེང་བོད་ཁྱིམ་གྱི་ལམ་ཁ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གཡས་གཡོན་གཤམ་འོག དེ་བཞིན་གླིང་སྐོར་ལམ་བཅས་སུ་དུས་ཡུན་ཆུ་ཚོད་གཉིས་ཙམ་རིང་གད་སྙིགས་བསྡུ་རུབ་དང་། ཁོར་ཡུག་གཙང་བཟོ་བྱས་མཐར། ཁྱོན་གད་སྙིགས་གླང་འཁོར་ཆེ་བ་གསུམ་ཙམ་བསྡུ་རུབ་ཐུབ་པ་བྱུང་ཡོད་པ་རེད།
ཁོར་ཡུག་གཙང་བཟོ་དང་ལྷན་ལྷའི་བོད་ཨིན་ཧིན་གསུམ་ནང་ཡོད་པའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ལག་དེབ་གྲངས་ ༣༠༠ ཙམ་བོད་མི་དང་རྒྱ་གར་བ། ཡུལ་སྐོར་སྤྲོ་འཆམ་པ་སོགས་ལ་འགྲེམས་སྤེལ་བྱས།
དེ་ཡང་རང་ཅག་གི་འདི་ཕྱི་གཉིས་ཀྱི་བླ་ན་མ་མཆིས་པའི་སྐྱབས་མགོན་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་འཇིག་རྟེན་སྐྱེ་འགྲོ་ཀུན་གྱི་འཚོ་གནས་ཀྱི་གཞི་རུ་གྱུར་པའི་སའི་གོ་ལ་འདི་དང་། འདིའི་ཁོར་ཡུག་གཅེས་སྤྲས་གཙང་ཉར་དགོས་ལུགས་ཀྱི་བཀའ་སློབ་ཀྱི་བདུད་བརྩི་ཇི་སྙིད་ཅིག་ཕེབས་དང་ཕེབས་བཞིན་པར། མགོན་པོ་གང་ཉིད་འདི་ལོར་དགུང་གྲངས་བརྒྱད་ཅུ་བཞེས་པའི་<<སྐུའི་གྱ་སྟོན་>>དང་སྟབས་བསྟུན། གང་གི་བཀའ་སློབ་དང་བཀའ་དྲིན་རྗེས་དྲན་མཚོན་སླད། གད་སྙིགས་བསྡུ་རུབ་ཀྱིས་ཁོར་ཡུག་གཙང་བཟོ་བྱས་པ་ཞིག་ཡིན།
དེ་སྔོན་༧གོང་ས་མཆོག་གི་ཁོར་ཡུག་སྐོར་བསྩལ་བའི་བཀའ་སློབ་ཅིག་གི་ནང་། ” ཁོར་ཡུག་སྐྱོན་མེད་གཙང་མར་གནས་པའི་དགེ་མཚན་ནི། དཔེར་ན། ལྗོན་ཤིང་བཟང་པོས་རླུང་ཁམས་གཙང་བར་བྱེད་ཅིང༌། དེས་སྐྱེ་བོའི་སྲོག་རླུང་གཏོང་ལེན་ལ་རམ་འདེགས་ཀྱིས་འབྱུང་ཁམས་ཆ་སྙོམས་ཚེ་བསྲིངས་བར་བྱེད་པ། གྲིབ་བསིལ་སྣུམ་པོ་ངལ་གསོ་བའི་གནས་སུ་གྱུར་ཅིང༌། ཆར་ཆུ་དུས་སུ་བབས་པ། ལོ་ཕྱུགས་ལེགས་པ། ཚ་གྲང་སྙོམས་པ། ཡུལ་ཁམས་ཀྱང་ལྟ་ན་སྡུག་པས་ཕྱིའི་ལྗོངས་རྒྱུ་བ་དག་རྒྱུན་མི་ཆད་དུ་ཡོང་ནས་ཤེས་རིག་དང༌། དཔལ་འབྱོར་གྱི་འདུ་འགོད་སོགས་རང་བཞིན་གྱིས་འཕེལ་བར་བྱེད་དོ།
ཁོར་ཡུག་སྦགས་བཙོག་གི་ཉེས་པ་ནི། མཚོ་དང་མཚེའུའི་དྭངས་བསིལ་གྱི་ཡོན་ཏན་ཉམས་ཤིང༌། དེ་དག་ལ་གནས་པའི་སྲོག་ཆགས་ལ་བར་དུ་གཅོད་པ། རྩི་ཤིང་ནགས་ཚལ་སྟོངས་པས་ས་ཡི་བཅུད་ཉམས་ཤིང༌། ཆར་ཆུ་དུས་སུ་མི་བབས། སྔོན་མེད་ཀྱི་རླུང་འཚུབ་དྲག་པོ་ལྡང་བ་སོགས་ཀྱི་འགལ་རྐྱེན་མཐའ་ཡས།
དེ་བཞིན་ཤིང་འབྲས་ཀྱི་པགས་པ་དང༌། ཤོག་བུ། འགྱིག་ཤོག ཤེལ་དམ། གོས་རྙིང༌། ཟས་ཀྱི་ལྷག་མ་སོགས་གད་སྙིགས་ཀྱི་རིགས་གང་བྱུང་དུ་གཡུགས་པ་དང༌། བཙོག་གཅིན་གང་སར་གཏོང་བ་བཅས་ནི་ཡུལ་གྱི་མཛེས་སྡུག་དང༌། གཙང་སྦྲ་འཕྲོད་བསྟེན་གཉིས་ཀར་གནོད་པས་དེ་ལྟར་བྱེད་མི་རུང༌། ལྷག་དོན་འགའ་ཞིག་ནས་རང་གི་གྱོན་གོས་རྙིང་པ་དང༌། སྐྲ་ལོ་ལྗོན་ཤིང་གི་ཡལ་གར་འདོགས་པ་འདི་མཐོང་སྣང་ལ་ཤིན་ཏུ་མི་མཛེས་པས་ད་ནས་ངེས་པར་སྤོང་དགོས།” ཞེས་བཀའ་བསྩལ་འདུག
ཕ་མ་དགའ་ན་དྲིན་ལན་དང་བླ་མ་དགའ་ན་ཆོས། བཀའ་བཞིན་བསྒྲུབས་པའི་ཆོས་ནི་ཆོས་ནང་གི་མཆོག་ཏུ་གྱུར་པ་ཞིག་ཡིན་ལུགས་གསུངས་པ་ལྟར། དེ་རིང་གི་ཁོར་ཡུག་གཙང་བཟོ་འདི་མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཀྱི་དཔེ་ལྟར་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་རྒྱུ་རུ་གྱུརད་བ་དང་། གང་ཉིད་ཀྱི་སྐུ་ཚེ་བསྐལ་བརྒྱར་བསྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་དགེག་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ།། །།
ཐེངས་ 42463 བཀླགས་འདུག