Donate

ཆར་ཞོད་ཀྱིས་རྐྱེན་པས་ས་ཉིལ་ནས་སྡོད་ཁང་༢༠ཙམ་རྨང་ནས་འགྱེལ་བ།

ཕྱི་ལོ་༢༠༡༣ཟླ་༨ཚེས་༧རེས་གཟའ་ལྷག་པའི་ཉིན་གྱི་ཞོགས་པ་སྔ་མོ་ཆུ་ཚོད་༣དང་སྐར་མ་༣༠ཐོག་རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལ་ནས་བར་ཐག་སྤྱི་ལེ་༥ཙམ་གྱིས་སར་ཡོད་པའི་ Kajlot Panchayat ཀཱ་ཇི་ལོ་ཊི་པན་ཆཱ་ཡ་ཊི་རུ། ཉེ་བའི་ཆར་ཉིན་གྲངས་འགའ་ཤས་ཆར་ཞོད་བཏུད་མར་འབབ་རྐྱེན། ས་ཉིལ་ནས་ཁྱོན་སྡོད་ཁང་༢༠ཙམ་རྨང་ནས་འགྱེལ་ཡོད་པ་རེད། 

ཁང་པ་དེ་དག་མང་ཆེ་བ་ནི་གྷོ་ཁའི་དམག་ཞབས་ཟུར་པའི་སྡོད་ཁང་ཡིན་པ་དང་། ས་གནས་གྷོ་ཁའི་འགན་འཛིན་ Naraian ནཱ་རཱན་ལགས་ཀྱིས། དེ་ཉིན་མཚན་ཕྱེད་ཙམ་ལ་ཧོབ་ཏེ་ཁྱི་ཟུག་འགོ་བརྩམས་སོང་བས། ཁང་པའི་ཕྱི་ལོག་ཐོན་ནས་བལྟས་སྐབས་རི་ཐོ་དེ་མལ་ཉིལ་བཞིན་འདུག་པས། དེ་མ་ཐག་ངས་ཉེ་འཁོར་དུ་གནས་སྡོད་བྱེད་མཁན་ཚང་མར་བརྡ་བཏང་བས། ཐེངས་འདིར་མི་ལ་གནོད་སྐྱོད་གང་ཡང་བྱུང་མེད་ཅེས་འགྲེལ་བརྗོད་གནང་འདུག 
ཞོགས་པ་སྔ་མོ་ནས་ཆུ་ཚོད་༢ཙམ་གྱི་རིང་མུ་མཐུད་ས་ཉིལ་རྐྱེན་ཁྱོན་སྡོད་ཁང་༢༠ཙམ་རྩ་འཐོར་ཕྱིན་རྐྱེན། དེར་གནས་སྡོད་བྱེད་མཁན་ཁྱོན་མི་གྲངས་༡༠༠ཙམ་གྱི་སྡོད་ཁང་མེད་པ་ཆགས་ནས་ཁ་སང་དགོངས་མོ་བར་ཁོང་ཚོར་སྡོད་ཁང་སོགས་གོ་སྒྲིག་གང་ཡང་བྱེད་ཐུབ་མེད་ཀྱང་། དེར་ཡོད་དམག་སྒར་ནས་གནོད་ཐེབས་མི་མང་རྣམས་ལ་གནས་སྐབས་ཀྱི་ཟས་གོས་སོགས་མཐུན་རྐྱེན་སྦྱར་ཡོད་འདུག
ཐེངས་འདིའི་གནས་ཚུལ་དེས་ཁྱོན་ཧིན་སྒོར་ས་ཡ་༣ཙམ་ལ་གྱོན་གུད་བཏང་ཡོད་པ་དང་། གཞུང་གིས་ཛ་དྲག་གུན་གསབ་ཧིན་སྒོར་འབུམ་༢སྤྲོད་རྒྱུའི་ཐག་གཅོད་བྱས་ཡོད་འདུག 
 

ཐེངས་ 42291 བཀླགས་འདུག