གླང་ཆེན་གྱི་ཆེ་བ་ཏུན་ ༡༥ མེ་སྲེག་བཏང་བ།
ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣ འཛམ་གླིང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་(World Wildlife Day)ཀྱི་ཉིན་མོར་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁེན་ཡཱའི་ནང་(Kenya)སྲིད་གཞུང་གིས་གླང་ཆེན་གྱི་མཆེ་བ་༼བ་སོ་༽ཏུན་ ༡༥ མེ་སྲེག་བཏང་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཉིན་མོ་སྲུང་བརྩི་བྱས་འདུག
རེས་གཟའ་མིག་དམར་ཉིན་རྒྱལ་སའི་སྤྱི་གླིང་ནང་མཛད་སྒོ་ཐོག སྲིད་འཛིན་ཨུ་ཧུ་རུ་ཁེན་ཡཱ་ཏཱ་ (Uhuru Kenyatta) མཆོག་གིས་ལོ་ངོ་ ༢༥ གོང་ནས་གླང་ཆེན་གྱི་མཆེ་བ་ཉོ་འཚོང་བཀག་འགོག་བྱས་ཡོད་ཀྱང་། དེང་གི་ཁྲོམ་རྭས་རྐྱེན་པས་ཨ་ཧྥི་རི་ཁའི་གླང་ཆེན་དང་བསེ་རུ་རྣམས་ལ་ཉེན་ཁ་འཕྲད་བཞིན་ཡོད་སྟབས། ཨ་ཧྥི་རི་ཁའི་རྒྱལ་ཁབ་རྣམས་ཀྱིས་ཐུན་མོངས་གི་རི་སྐྱེས་སྲོག་ཆགས་ཀྱི་འཇིག་ཉེན་ལ་དོ་སྣང་བྱེད་དགོས་ཞེས་གསུངས་འདུག
དེ་སྔོན་ཕྱི་ལོ་ ༡༩༨༩ ཟླ་ ༧ པའི་ནང་སྲིད་འཛིན་ཟུར་པ་ཌ་ནེལ་(Daniel Arap Moi)སྐབས་སུ་གླང་ཆེན་གྱི་མཆེ་བ་ཏུན་༡༢མེ་སྲེག་བཏང་བ་དང་། ཡང་ཕྱི་ལོ་ ༢༠༠༢ ལོར་སྲི་འཛིན་ཟུར་པ་མཱ་ཝེ་ཁེ་བྷ་ཁེ་(Mwai Kibaki)ཡིས། ཨ་ཧྥ་རི་ཁའི་རྒྱལ་ཁབ་ཛཾ་བྷྱེ་(Zambia)དང་(Malawi)མཱ་ལཱ་ཝེ་ནས་ནག་འཚོང་རྒྱག་མཁན་གྱིས་སིང་གྷ་ཕོར་དབོར་འདྲེན་བྱེད་བཞིན་པའི་གླང་ཆེན་གྱི་མཆེ་བ་ཏུན་ ༥ གཞུང་བཞེས་ཀྱིས་མཛད་སྒོ་ཞིག་གི་ཐོག་མེ་སྲེག་བཏང་ཡོད་འདུག
རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཚོགས་པ་ཞིག་གིས་ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ བར་ཨ་ཧྥི་རི་ཁའི་ནང་ཁྱོན་གླང་ཆེན་གྲངས་ ༡༠༠་༠༠༠ ཙམ་བསད་ཡོད་ལུགས་འགྲེལ་བརྗོད་འདུག
ཕྱི་ལོ་ ༢༠༡༤ ལོར་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་བཅས་ཀྱི་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཆར་ས་སྒང་ཁྱོན་དུ་ཁྱོན་གླང་ཆེན་གྲངས་ ༦༥༠་༠༠༠ ཙམ་ཡོད་པའི་ཚོད་དཔག་བྱས་ཡོད་པའི་ནང་། ཨ་ཧྥ་རི་ཁའི་ནང་ལོ་ལྟར་ཁྱོན་གླང་ཆེན་གྲངས་ ༢༠་༠༠༠ ནས་ ༢༥་༠༠༠ བར་བསད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱས་འདུག
ཐེངས་ 42419 བཀླགས་འདུག