Donate

དཔལ་འབྱོར་ཡར་རྒྱས་ཀྱིས་འབྲོག་པ་སྡུག་ལ་སྦྱར།

འདས་པའི་ཉིན་ ༤ རིང་ནང་སོག་གི་འབྲོག་མི་ ༢༠ ལྷག་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག ཁ་སང་སོག་རིགས་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དར་དཀར་ (正镶白旗) ཞེས་པ་རུ་གནས་སྡོད་བྱས་ཡོད་པའི་འབྲོག་པ་མང་ཚོགས་ ༢༠༠ ལྷག ཁུལ་དེའི་ལྷོ་ཕྱོགས་སུ་ཡོད་པའི་མིན་ཨན་གྲོང་རྡལ་སྲིད་གཞུང་གི་ཁང་རྩེག་མདུན་དུ་

Inner-Mogolan-4འཛོམས་ཏེ་སྲིད་གཞུང་གིས་ཉེ་ཆར་འཛིན་བཟུང་བྱས་པའི་འབྲོག་པ་རྣམས་ཀློད་གྲོལ་གཏང་དགོས་པ་དང་། འབྲོག་པ་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་ཐག་གཅོད་བྱ་དགོས་པའི་ངོ་རྒོལ་ཞུ་འབོད་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༦ ཉིན་སོག་རིགས་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཁག་ཅིག་གིས་མཐའ་མཚམས་དར་དཀར་ཟེར་བའི་ས་ཆ་རུ་ལྟ་ཞིབ་བྱེད་བཞིན་པའི་སྐབས་དེར། ཡུལ་དེའི་འབྲོག་པ་མི་མང་ ༢༠༠ ལྷག་གིས་འབྲོག་པའི་རྩྭ་ཐང་ལ་གནོད་སྐྱོན་གཏོང་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ་སྙན་ཞུ་འབུལ་ཆེད། ས་གནས་སྲིད་གཞུང་གི་ཁང་རྩེག་མདུན་དུ་འདུ་འཛོམས་བྱས་པར་བརྟེན། ས་གནས་ཉེན་རྟོག་པས་བཙན་ཤུགས་ཀྱིས་ལས་འགུལ་བ་རྣམས་ཁ་འཐོར་དུ་བཏང་ཡོད་པ་མ་ཟད། ལས་འགུལ་བ་ ༧ འཛིན་བཟུང་བྱས་ཡོད་པ་དང་། ཉེས་མེད་མི་མང་འཛིན་བཟུང་བྱས་རྐྱེན་འདས་པའི་ཉིན་ ༤ ནང་ས་གནས་འབྲོག་མི་ ༢༠ ལྷག་ཉེན་རྟོག་པས་འཛིན་བཟུང་བཀག་སྐྱིལ་བྱས་ཡོད་འདུག

ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་འགན་འཛིན་ཨིན་ཧེ་བྷ་ཐོ་ (Enghebatu Togochog) ཡིས། སྲིད་གཞུང་དང་གཏེར་ཁ་སྔོག་འདོན་བཟོ་གྲྭ་ཚོས་སོག་པོའི་ས་ཆ་དང་འབྲོག་པའི་རྩྭ་ཐང་བེད་སྤྱོད་བྱས་པ་མ་ཟད། སྐྱེས་ཁམས་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཏང་བའི་རྐྱེན་གྱིས། ས་གནས་མི་མང་ལ་དཀའ་ངལ་སྣ་ཚོགས་འཕྲད་ཀྱི་ཡོད་པ་དང་། ལྷག་པར་དུ་འབྲོག་པའི་འཚོ་བ་ལ་དཀའ་ངལ་ཚབས་ཆེན་བྱུང་བཞིན་འདུག ཅེས་བརྗོད་འདུག

ཡང་ཁོང་གིས་རྒྱ་གཞུང་གི་དཔལ་འབྱོར་ཡར་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་ཟེར་པ་དེས་འབྲོག་པ་མང་ཚོགས་ལ་ཁེ་ཕན་ཅི་ཡང་མེད་པ་མ་ཟད། དེ་ལས་ལྡོག་ཏེ་མང་ཚོགས་ཀྱི་འཚོ་བར་དཀའ་སྡུག་ལྷག་མ་ཞིག་སྤྲོད་བཞིན་པའི་སྐོར་ལ། “རྩྭ་ཐང་ནི་འབྲོག་པ་ཚོའི་འཚོ་རྟེན་གཅིག་པུ་དེ་ཡིན་སྟབས། རྩྭ་ཐང་མེད་ན་སོག་པོའི་འབྲོག་པ་མུ་མཐུད་དུ་འཚོ་ཐབས་མེད་པ་རེད། ད་ལྟ་སོག་པོའི་ས་ཁུལ་གང་ས་གང་དུ་རྒྱ་གཞུང་གིས་ཡར་རྒྱས་གཏོང་གི་ཡོད་ཟེར་ནས་གཏེར་ཁ་སྔོག་འདོན་བྱས་ཏེ། རྩྭ་ཐང་དང་སྐྱེས་ཁམས་ཁོར་ཡུག་ལ་གནོད་པ་ཆེན་པོ་བཟོ་བཞིན་འདུག ཅེས་སོགས་བརྗོད་འདུག

གནས་ཚུལ་ཡོང་ཁུངས་བོད་ཀྱི་དུས་བབ།

ཐེངས་ 42196 བཀླགས་འདུག