Donate

༢༠༡༨ ལོའི་ཁོར་ཡུག་གི་འགྲན་རྩོམ་ནང་བོད་རྩོམ་གྱི་བྱ་དགའ་ཨང་གཉིས་པ་ཐོབ་མཁན།

 

འགྱིག་ཤོག་རིགས་ཀྱིས་འཁོར་ཡུག་ལ་འབགས་བཙོག་མེད་པ་བཟོ་ཐབས་ལ་དཔྱད་པ།

སློབ་མ་བསྟན་འཛིན་དར་ལྡན།

སྙིང་དོན།

རྩོམ་ཐུང་འདིའི་ནང་དུ་འགྱིག་རིགས་ཀྱིས་འཁོར་ཡུག་ལ་འབགས་བཙོག་མེད་པ་བཟོ་ཐབས་ཞེས་པ་གཞིར་བཟུང་སྟེ། བརྗོན་དོན་དེ་ཉིད་གཏན་ལ་དབབ་པར།

༡ འགྱིག་རིགས་ཀྱི་འབགས་བཙོག་རྐྱེན་པས་རང་བྱུང་གི་རྩི་ཤིང་ལ་གནོད་སྐྱོན་ཕོག་པའི་སྐོར།

༢ འགྱིག་རིགས་ཀྱི་འབགས་བཙོག་རྐྱེན་པས་སེམས་ཅན་གྱི་ཚེ་སྲོག་ལ་བར་ཆད་ཐེབས་པའི་སྐྱོན་ཆ་གླེང་བ།

༣ འགྱིག་རིགས་ཀྱི་འབགས་བཙོག་ཇི་ལྟར་འགོག་དགོས་པ་བཅས་སུ་བཀྲལ་ཏེ་བྲིས་ཡོད།

སྔོན་གླེང་།

མིའི་འཇིག་རྟེན་འདིར་འགངས་ཆེ་བ་ནི་སའི་གོ་ལ་གོད་ཆགས་མེད་པར་གནས་དགོས་པ་དེ་ཡིན། གལ་ཏེ་གོ་ལར་གནོད་སྐྱོན་ཚབ་ཆེན་ཕོག་ཚེ། ཚེ་སྲོག་བཞུགས་པའི་འཚོ་གནས་པ་གྲངས་མེད་ལ་བརྡབ་གསིག་ཚད་མེད་གཏོང་གིན་ཡོད་པར་བརྟེན། སྐབས་འདི་ནས་སའི་གོ་ལར་འབགས་བཙོག་གིས་གནོད་སྐྱོན་ཐེབས་མི་རིགས་པ་དང་། ལྷག་ཏུ་འགྱིག་རིགས་འབགས་བཙོག་གིས་ཁོར་ཡུག་དང་སེགས་ཅན་སོགས་ཀྱི་ཚེ་སྲོག་ལ་གནོད་སྐྱོན་བྱུང་ཚུལ་དང་། དེ་ལྟར་གཏན་ནས་མི་རིགས་པ་དང་། འབགས་བཙོག་དེ་དག་ཇི་ལྟར་འགོག་དགོས་པ་གཙོ་དོན་དུ་བཟུང་སྟེ་བྲིས་ཡོད་པ་ནི་རྩོམ་འདིའི་སྤྱི་ཁོག་ལྟ་བུའོ།

ང་ཚོས་ལས་རིམ་ཆེ་ཆུང་གང་ཞིག་བསྒྲུབས་ཀྱང་དགོས་དམིགས་མེད་པར་བརྗོད་ཁག་པོ་ཞིག་ཡིན། རང་ཉིད་ཀྱིས་རྩོམ་ཐུང་འདི་འདྲ་ཞིག་འབྲི་དོན་ནི། རང་ཉིད་འཇིག་རྟེན་འདིའི་ཐོག་ཏུ་འཚོ་སྡོད་པ་ཞིག་ཡིན་པས། སོ་སོ་གནས་སའི་ཁོར་ཡུག་སོགས་ལ་གནོད་སྐྱོན་ཐེབས་ན་མི་ཆོག་པ་ནི། རང་ཉིད་ཀྱི་ཚེ་སྲོག་ལ་གོད་ཆགས་འབྱུང་མི་འདོད་ཅིང་།  སོ་སོའོི་ཚེ་སྲོག་ལ་འགན་སྲུང་ཐུབ་ཆེད་དང་། དེ་བཞིན་དུ་གཞན་གྱི་ཚེ་སྲོག་ལ་གནོད་འཚེ་ཕོག་པར་མི་རིགས་པའི་རྒྱུ་མཚན་དུ་བཟུང་སྟེ་འབྲི་རྒྱུར་འབད་པ་ཞིག་ཡིན་ནོ།

༡ འགྱིག་རིགས་ཀྱི་འབགས་བཙོག་རྐྱེན་པས་རང་བྱུང་གི་རྩི་ཤིང་ལ་གནོད་སྐྱོན་ཕོག་པའི་སྐོར།

རྫས་སྦྱོར་གྱིས་ལྷད་པའི་འགྱིག་རིགས་སྣ་ཚོགས་ས་ཕྱོགས་གང་སར་ཁྱབ་ཀྱིན་ཡོད་པ་དེས། དྭངས་གཙང་གི་རང་བྱུང་མཛེས་སྡུག་སོགས་ལ་གོད་ཆགས་ཚད་མེད་ཕོག་གི་ཡོད་པ་ལས་མ་འདས་ཏེ། རྩི་ཤིང་ཞིག་གིི་འཚར་ལོངས་འབྱུང་ཡ་ལ་མཚོན་ནའང་། འགྱིག་རིགས་རྣམས་གཙང་བཟོ་མེད་པའི་རྐྱེན་ལས་རྫས་རིགས་འདྲ་མིན་ས་འོག་ཏུ་འཐིམས་ཏེ་ས་རུལ། དེས་ཚོད་ཀྱིས་རྩི་ཤིང་གི་འཚར་ལོངས་སོགས་ལ་འགོག་རྐྱེན་ཕོོག་གི་ཡོད་ལ། དེ་ནི་རྩི་ཤིང་གི་འཚར་ལོངས་ལ་གནོད་ཐེབས་བྱུང་བ་ཙམ་མིན་པར་རང་བྱུང་ཁོར་ཡུག་ལ་རྟེན་པའི་སྐྱེ་དངོས་ཡོད་ཚད་ཀྱི་འཚར་ལོངས་ལ་གཏོར་བརླགས་ཚད་མེད་གཏོང་གི་ཡོད་པ་བཤད་མི་དགོས་སྙམ།

ང་ཚོའི་རང་བྱུང་གི་ཁོར་ཡུག་ལ་རྩྭ་དང་རྩི་ཤིང་། ད་དུང་དྲི་ཞིམ་གྱིས་ཕྱུག་པའི་མེ་ཏོོག་སྣ་མང་སོགས་སྟོང་བར་གྱུར་ན། འཁོར་ཡུག་ལས་ཡིད་དུ་འོང་བའི་མཛེས་ཉམས་མཐོང་ཐབས་བྲལ་བ་སྟེ།  དོན་དངོས་དེ་དག་ནི་རང་བྱུང་འཁོར་ཡུག་ལ་མཆིས་པའི་མཛེས་སྡུག་གི་སྙིང་པོ་ཞིག་ཡིན་ཞེས་བསྙད་ན་མི་ཆོག་རྒྱུ་གཏན་ནས་མེད། མི་དང་སྲོག་ཆགས་གང་ཞིག་ཡིན་ཡང་།  མཚར་སྡུག་མངའ་བའི་རྩྭ་དང་རྩི་ཤིང་། མེ་ཏོག་ཁྲ་ཆེམ་མེ་སོགས་གཏན་ནས་མཐོང་དུ་མེད་པའི་མྱ་ངམ་ཐང་སྟོང་འདྲ་བའི་རི་ལུང་ལ། མཐོང་བ་ཉིད་ནས་སྐྱོ་སྣང་འདྲེན་བྱེད་དུ་ཚོར་བ་ལས་ལུས་སེམས་སྤྲོ་བའི་གཞི་ཞིག་ལ་ནམ་ཡང་ཡོང་མི་སྲིད།

དེར་བརྟེན། ང་ཚོ་མི་ཞིག་གི་ལུས་ཁམས་བདེ་ཐང་ལ་གཞིགས་ནའང་འགྱིག་རིགས་ཀྱི་འབགས་བཙོག་གང་སར་ཁྱབ་པ་ལས་གནོད་འཚེ་འབྱུང་གིན་ཡོད་པ་སྨོས་མེད་དུ་གྱུར་ཡོད། གལ་སྲིད་འཁོར་ཡུག་ལ་འགྱིག་རིགས་སོགས་ཀྱིས་འབགས་བཙོག་བྱས་མེད་ན། རང་བྱུང་གི་མཛེས་པའི་སྙིང་པོར་གྱུར་བའི་མེ་ཏོག་དང་། རྩི་ཤིང་རྣམས་གཙང་མར་གནས་ཐུབ་པའི་མ་ཚད་ཁ་རླུང་གཙང་ཞིང་། ཆུང་ས་ནས་ཚེ་སྲོག་ཐོགས་པའི་འབུ་སྲིན་མན་ཆད་ཀྱང་བདེ་ཐང་ཁྲོད་འཚོ་གནས་ཐུབ་རྒྱུར་ཨ་ཅང་བརྗོད་མེད་དུ་གྱུར་བས། ནམ་ཡིན་རུང་འགྱིག་ཤོག་གི་རིགས་རྣམས་སྣང་བ་གང་དྲན་དུ་གཡུགས་རྒྱུ་མིན་པ་བརྗེད་མི་རུང་པའོ།།

༢ འགྱིག་རིགས་ཀྱི་འབགས་བཙོག་རྐྱེན་པས་སེམས་ཅན་གྱི་ཚེ་སྲོག་ལ་བར་ཆད་ཐེབས་པའི་སྐྱོན་ཆ་གླེང་བ།

ད་ལྟའི་འཛམ་གླིང་འདིའི་ཁྲོད་དུ་གྲངས་ལས་འདས་པའི་བཟོ་གྲྭ་འདྲ་མིན་གྱིས་ཁེངས་བཞིན་ཡོད་སྟབས། རང་བྱུང་གི་ཁོར་ཡུག་ལ་འབགས་བཙོག་ཐེབས་པའི་རྒྱུ་རྐྱེན་འགྱིག་རིགས་ཀྱང་དེས་ཚོད་ཀྱིས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེར་མ་ཟད་རྫས་སྦྱོར་སྣ་ཚོགས་ཀྱིས་བཟོས་པའི་འགྱིག་ཤོག་དེ་དག་གང་སར་གཡུགས་ཏེ། ས་གཙང་ཆུ་གཙང་མང་པོ་ཞིག་འབགས་བཙོག་གིས་ཁྱབ་ཀྱིན་ཡོད་པར་བརྟེན།   ལྷག་ཏུ་རྫས་སྦྱོར་འདྲ་མིན་གྱིས་སྦག་པའི་འགྱིག་རིགས་དེ་དག་མཚོ་དང་མཚེའུ་སོགས་ཀྱི་ནང་དུ་ལྷུང་སྟེ། ཉ་ལ་སོགས་པའི་མཚོ་གནས་སྲོག་ཆགས་མང་པོར་རྫས་སྦྱོར་གྱི་རྐྱེན་བྱས་ཏེ་ཚེ་སྲོག་གཏོར་བརླགས་གཏོང་གིན་ཡོད་པ་བརྟག་པ་ཙམ་ལས་དཔོག་ནུས་པ་སྟེ། འགྱིག་རིགས་ལ་མཆིས་པའི་རྫས་ཤུགས་ཀྱིས་མིའི་ལུས་ཁམས་ལའང་ཚ་དྲོད་མི་བདེ་བ་དང་། ནུས་པ་རྫོགས་ཏེ་མཚན་མོའི་གཉིད་ཀྱང་ཁུག་མི་ཐུབ་པའི་དཀའ་སྡུག་བཟོ་ཡི་ཡོད་དེ། ཡོངས་གྲགས་སུ་ཚན་རིག་པ་ཚོས་བརྗོད་དོན་ལ་འགྱིག་རིགས་དེར་རང་བྱུང་ཁོར་ཡུག་ཚད་ཅན་གནོད་པའི་རྒྱུ་མཚན་གཉིས་པ་ནི། གཅིག་ནས་འགྱིག་རིགས་དེ་ས་འོག་ཏུ་ལྷགས་ཚེ་དེ་ཉིད་ས་འོག་ནས་ལོ་ངོ་བརྒྱ་ཕྲག་མང་པོར་མི་ཉམས་པར་རང་གར་འདུག་པ་དང། དེ་ལྟར་ཡུན་རིང་ས་འོག་ཏུ་གནས་པ་རྐྱེན་བྱས་ནས་འགྱིག་རིགས་དེར་གནས་ཀྱི་རྫས་སྦྱོར་གྱིས་ས་ཁམས་ཀྱི་བཅུད་བརླག་པ་དང་། རྩ་ཤིང་སོགས་སྐྱེ་དངོས་ཀྱི་སྐྱེ་འཕེལ་ལ་འགོག་རྐྱེན་བཟོ་བ། གཉིས་ནས་འགྱིགས་རིགས་དེ་དག་མེར་བསྲེགས་པ་སོགས་ལ་བརྟེན་ནས་དེ་དག་གི་རྫས་སྦྱོར་གྱི་དུ་བས་རང་བྱུང་ཁམས་ཀྱི་དྭངས་གཙང་གི་མཁའ་དབུགས་ལ་འབག་གཙོག་དང་། མཁའ་དབུགས་དང་འདྲེས་སྦྱོར་གྱིས་དབུགས་ལྡན་སྲོག་ཆགས་བྱིངས་ཀྱི་རླུང་ཁམས་ལ་ནད་རིགས་སྣ་ཚོགས་འབྱུང་སླ་བའི་རྐྱེན་བྱེད་པ་སོགས།  མདོར་ན་སྐྱེ་དངོས་དང་སྲོག་ཆགས་ཚད་མེད་ཀྱི་སྐྱེ་འཕེལ་གྱི་འཚར་ལོངས་ལ་གནོད་འཚེ་ཕོག་གིན་ཡོད་པ་ནི་ཡོངས་ཁྱབ་རང་བཞིན་གྱི་འགྱིག་རིགས་འབགས་བཙོག་གི་གནོད་རྐྱེན་རེད།

གཞན་ཡང་རྫས་སྦྱོར་གྱིས་ལྷད་པའི་འགྱིག་ཤོག་གང་བྱུང་དུ་གཡུགས་པར་བརྟེན་ནས། དྭངས་གཙང་གི་འཐུང་ཆུ་མང་པོར་འབགས་བཙོག་བྱུང་ནས། མི་དང་དུད་འགྲོ་མང་པོར་ནད་དུག་ཕོག་གིན་ཡོད་པ་ཀུན་གྱི་བསམ་པར་འཆར་ཐུབ་ངེས་ཤིག་ཅི་ལ་མིན། དོན་དངོས་ཐོག་ཚོགས་པ་དང་སྤྱི་ཚོགས་འགན་ཁུར་བ་དག་གིས་རྒྱུན་དུ་ཁ་ཁོག་ན་ན་བར་དུ་བརྗོད་ཀྱིན་ཡོད་པ་ཞིག་རེད་མོད། ང་ཚོར་དེ་ཙམ་གྱིས་ཉན་འཇོག་དང་། ལག་ལེན་བསྟར་མཁན་སྤྱི་ཚོགས་འདིའི་ཁྲོད་དུ་ཧ་ཅང་གི་དཀའ་ཁག་ཆེ་བའི་གནས་ཤིག་ལས་མ་འདས།  རྒྱུ་མཚན་དེ་དག་ལ་གཞིགས་ཏེ་འགྱིག་རིགས་ཀྱི་འབགས་བཙོག་རྐྱེེན་པས་མིའི་ཚེ་སྲོག་སོགས་ལ་གནོད་སྐྱོན་བྱེད་པར་མི་འདོད་ན། ཚང་མས་ལག་ལེན་དང་བསམ་པ་གཅིག་ལྕོགས་ཀྱི་སྒོ་ནས་འགན་མཉམ་འཁུར་དང་བསམ་པ་རང་འཁུར་བྱ་རྒྱུ་གལ་གནད་ཀྱི་ཚད་དུ་སླེབས་ཡོད་པ་བཅས་ཡིན།།

༣ འགྱིག་རིགས་ཀྱི་འབགས་བཙོག་ཇི་ལྟར་འགོག་ཚུལ།

ཁོར་ཡུག་སོགས་ལ་གནོད་པའི་འབགས་བཙོག་གི་རིགས་ཡོང་མི་ཉེན་པ་ནི། གོང་དུ་བརྗོད་ཟིན་པས་བསྐྱར་བཤད་དགོས་དོན་མ་མཆིས་མོད། དེས་ན་འབགས་བཙོག་དེ་དག་མི་ཡོང་བའི་ཐབས་ལམ་ཇི་ལྟར་སྤྱད་དགོས་མིན་ངེས་ཤེས་གསལ་བོ་ཞིག་དགོས། མ་གཞི་ནས་བྱ་བ་ཆེ་ཆུང་གང་ཞིག་བྱས་ཀྱང་དང་ཐོག་སྒྲུབ་ལུགས་སྒྲུབ་སྟངས་ངེས་དགོས་པར་བརྟེན། འགྱིག་རིགས་ཀྱི་འབགས་བཙོག་མི་ཡོང་བའི་ཆེད་དུ་འགྱིག་རིགས་དེ་དག་མེར་བསྲེགས་པ་དང་། ཆུར་སྐྱུར་བ་སོགས་བྱེད་ཀྱིན་ཡོད་མོད། དོན་དངོས་ཐོག་དེས་རྐྱེན་པས་རང་བྱུང་ཁོར་ཡུག་དང་། མི་སོགས་ལ་གནོད་འཚེ་ཕོག་གིན་ཡོད་པར་བརྟག་ན་གསལ་རྟོགས་ཐུབ།

ང་ཚོས་འགྱིག་ཤོག་བེད་སྤྱོད་ཟིན་རྗེས་མེར་བསྲིིགས་པ་སོགས་བྱེད་རྒྱུ་མ་ཡིན་པར། འགྱིག་གིས་བཟོས་པའི་སྒག་ཆུང་ནང་དུ་བླུགས་ཏེ་བདག་ཉར་བྱ་དགོས་པ་སྟེ། འགྱིག་ཤོག་བཟོ་གྲྭའི་ནང་དུ་བསྐྱལ་ཐུབ་པ་བྱས་ནས།  སླར་ཡང་བེད་སྤྱོད་ཐུབ་པར་བྱ་རྒྱུ་ནི་འགྱིག་རིགས་ཀྱིས་ཁོར་ཡུག་ལ་འབགས་བཙོག་མི་ཡོང་བའི་ཐབས་བཀོད་ཡང་དག་ཅིག་ཏུ་མཐོང་མོད། དེ་ནི་བསྒྲུབ་སླ་བའི་ལས་བྱ་ཞིག་མ་ཡིན་ལ། དེར་མ་ཟད། དེའི་ཐད་དུ་ཁོར་ཡུག་ལ་འགན་ཁུར་ཚོགས་པ་དག་གིས་གཅིག་པུར་མི་ཐུབ་པས། སྤྱི་ཚོགས་འདིའི་ཚོགས་སྡེ་ཁྲོད་དུ་ཡོད་པའི་མི་སུ་ཞིག་ཡིན་རུང་ཁུར་མཉམ་སྡེབ་ཐོག་ནས་བསྒྲུབ་དགོས་པའི་ལས་རིམ་ཞིག་ཏུ་སེམས་ཤིང་། ཚང་མས་དཔུང་པ་གཤིབ་སྟེ་འཇུག་ཙ་ན་འགྱིག་རིགས་ཀྱིས་བཙོག་པས་ཁོར་ཡུག་ལ་གནོད་སྐྱོན་མི་ཐེབས་པ་ནི། བློ་སྟོབས་ཆེན་པོས་ཐག་བཅད་ཐུབ་པ་ཞིག་ལས་མ་འདས་པའོ།།

མཇུག་གཏམ།

མདོར་ན་རྩོམ་ཐུང་འདིར་ཁོ་བོས་གང་ཞིག་བྲིས་པ་ནི་རང་ཉིད་ཐེ་བའི་འགྲོ་མི་ཡོད་དོ་ཅོག་ལ་སའི་གོ་ལའི་གོད་ཆགས་དེ་ང་ཚོའི་གོད་ཆགས་ཡིན་པ་དང་། སའི་གོ་ལར་བདག་གཅེས་བྱེད་པ་དེ་རང་ཉིད་ལ་བདག་གཅེས་བྱེད་པ་ལས་མ་འདས་པས། ང་ཚོས་ཉིན་རེའི་འཚོ་བའི་ཁྲོད་སའི་གོ་ལའི་གཙང་སྦྲ་ལ་དོ་སྣང་བྱེད་རྒྱུ་དང་། ཁྱད་པར་དུ་འགྱིག་རིགས་གཙོས་པའི་རྫས་སྦྱོར་སྣ་མང་ཅན་གྱི་ཅ་དངོས་དག་གིས་གོ་ལའི་ཁམས་ཆེན་མོར་འབགས་བཙོག་ཚད་མེད་བཟོ་བཞིན་ཡོད་པས། རྒྱུན་དུ་འགྱིག་རིགས་ལས་གྲུབ་པའི་ཅ་དངོས་སྤྱོད་པར་དོ་སྣང་གཟབ་ནན་བྱ་དགོས་པ་དང་། མཐར་ཐུག་ན་འགྱིག་རིགས་ཀྱི་གད་སྙིགས་དག་གང་བྱུང་དུ་མི་འདོར་བར་བསྐྱར་སྤྱོད་ལ་འབད་ཚུལ་དང་འབད་རྒྱུར་སྐུལ་མ་བཏང་ཡོད་མོད།

རང་ཉིད་ཀྱི་ཤེས་རྒྱ་དང་དུས་ཚོད་རྐྱེན་སྣ་མང་གིས་འདིར་ཞིབ་འཇུག་འཐུས་ཚང་ཞིག་བྱ་མ་ཐུབ་པ་མ་ཟད་ཆད་ལྷགས་དང་གོ་འཛོལ་གྱི་སྐབས་ཀྱང་ངེས་པར་མཆིས་ཡོད་པ་དེ་དོན་ལ་ཀློག་མཁན་ནས་བཟོད་གསོལ་དང་གུ་ཡངས་གནང་སྐྱོང་དང་སྦྲགས་མཇུག་བསྡུས་པའོ།།

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཆེད་སྦྱོང་སློབ་མ་བསྟན་འཛིན་དར་ལྡན་གྱིས་སྤྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༥ ཉིན་གྲུབ་པར་བྲིས།

 

 

ཐེངས་ 42311 བཀླགས་འདུག