ཁོར་ཡུག་སྲུང་སྐྱོབ་ཆེད་ཞི་རྒོལ་གནང་མཁན་བོད་མི་གསུམ་ལ་ཁྲིམས་ཐག་བཅད་པ།
ཁྲིམས་འབྲི་རུ་རྫོང་གི་ཁྲིམས་ཁང་གིས་བོད་མི་འཕྲིན་ལས་ཚེ་དཀར་དང་། ཆོས་ཁྱབ། ཚེ་ལྷ་གསུམ་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཁྲོད་མཉམ་ཞུགས་བྱས་པ་དང་། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག ལོ་ ༡༣ ནས་ ༣ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག
ཕྱི་ལོ་༢༠༡༣ ཟླ་ ༡༢ ཚེས་ ༡༩ ཉིན་འབྲི་རུ་རྫོང་མི་དམངས་ཁྲིམས་ཁང་གིས། འབྲི་རུ་གསེར་ཁང་གྲོང་ནས་ཡིན་པས་གླུ་བ་འཕྲིན་ལས་ཚེ་དཀར་ལ་དུས་བཀག་བཙོན་འཇུག་ལོ་ ༩ དང་།
གསེར་ཁང་གྲོང་ནས་ཡིན་པའི་ཆོས་ཁྱབ་ལ་དུས་བཀག་བཙོན་འཇུག་ལོ་ ༡༣ ། གྲོང་ཚོ་ལྔ་པ་ནས་ཡིན་པས་དེ་སྔོན་ཉེན་རྟོག་པའི་ལས་ཀ་བྱེད་མྱོང་བའི་ཚེ་ལྷ་དུས་བཀག་བཙོན་འཇུག་ལོ་ ༣ གསུམ་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག
བོད་མི་དེ་གསུམ་ནི་ཕྱི་ལོ་ ༢༠༡༣ ཟླ་ ༡༡ པའི་ཟླ་མཇུག་ཙམ་ལ་ནག་ཆུ་གྲོང་ཁྱེར་ནས་འཇུ་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་བྱས་ཡོད་པ་རེད། རྒྱ་གཞུང་གིས་ཁོང་གསུམ་ལ་བཙུགས་པའི་ཉེས་མིང་ནི། དེ་སྔོན་འབྲི་རུའི་ཡུལ་མི་རྣམས་ཀྱི་གནས་རི་ནགས་ལྷའི་ཁོར་ཡུག་སྲུང་སྐྱོང་ཆེད་རྒྱ་གཞུང་ལ་ངོ་རྒོལ་བྱུང་སྐབས། ཁོ་གསུམ་རྙོག་གྲ་སློང་མཁན་གྲས་ཡིན་པ་དང་། དེ་བཞིན། ཕྱི་ཕྱོགས་ལ་འབྲེལ་བ་ཡོད་ཚུལ་དང་རྒྱལ་ཁབ་ཁ་བྲལ་སོགས་ཀྱི་ཉེས་མིང་སྐྱོན་འཛུགས་བྱས་ཡོད་འདུག
རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ད་ལྟའི་ས་ཁོངས་ལྟར་བྱས་ན། ཁོང་གསུམ་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་འབྲི་རུ་ཞང་གི་ཁོངས་ནས་ཡིན་པ་རེད། གླུ་བ་ཚེ་དཀར་ལགས་ནི་སེར་ཁ་གྲོང་ནས་ཡིན་པ་དང་། ཁོང་གི་ཨ་ཕ་སྔོན་ནས་འདས་གྲོངས་ཕྱིན་ཡོད་སྟབས། ད་ལྟ་ཁོའི་ནང་དུ་བཟའ་ཟླ་དང་ཕྲུ་གུ་གཅིག ཨ་མ་བཅས་ཡོད་པ་རེད། ཁོང་ད་ལྟ་རང་ལོ་ ༢༢ ཡིན་འདུག ཁོང་ནི་ནམ་རྒྱུན་མི་རིགས་ཀྱི་བདེ་སྡུག་དབྱངས་སུ་གྱེར་མཁན་གླུ་བ་ཞིག་ཡིན་ལ། ཁོང་གིས་༼མཐུན་སྒྲིལ་གྱི་ཨ་ལོང་༽ཞེས་པའི་འོད་སྡེར་ཀྱིས་མཚོན་པའི། མི་རིགས་རིག་གཞུང་གཅེས་འཛིན་སྐོར་བརྗོད་དོན་ཡིན་པའི་ཆེད་སྒྲིག་གླུ་གཞས་འོད་སྡེར་འགའ་ཤས་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་བྱས་མྱོང་ཡོད་ལ། ཁོང་གི་གླུ་གཞས་ཁག་ལ་སྤྱི་ཚོགས་ཁྲོད་དགའ་མོས་བྱེད་མཁན་མང་པོ་ཡོད་འདུག
ཆོས་ཁྱབ་ལགས་ཀྱང་སེར་ཁ་གྲོང་ནས་ཡིན་པ་དང་། ཚེ་ལྷ་ལགས་ནི་གྲོང་ཚོ་ལྔ་པ་ནས་ཡིན་འདུག ཚེ་ལྷ་ལགས་ནི་དེ་སྔོན་ཉེན་རྟོག་པའི་ལས་ཀ་ཀྱང་གཉེར་མྱོང་མཁན་ཞིག་ཡིན་པ་རེད། ཁོང་གཉིས་ཀྱི་ལོ་ཚད་དང་ནང་མིའི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་མི་འདུག ཡིན་ནའང་། ཁོང་གཉིས་ཀྱི་ལོ་ཚོན་ཀྱང་ཧ་ཅང་ལོ་གཞོན་ཡིན་འདུག
ད་ལོའི་དབྱར་རྩ་དགུན་འབུ་བརྐོ་བའི་དུས་ཚུགས་ཀྱི་སྐབས་སུ། ཁམས་ནགས་ཤོད་འབྲི་རུའི་གནས་རི་ནགས་ལྷ་ཛམ་བྷ་ཞེས་པ་དེར། རྒྱ་གཞུང་གིས་གཞུང་ལམ་དང་ཆུ་གློག་འཛུགས་བསྐྲུན་ལ་ཁ་གཡར་ཏེ། གཏེར་ཁ་སྔོག་འདོན་གྱི་ལས་འཆར་སྤེལ་ཡོད་ལ། སྐབས་དེར་ནགས་ཤོད་འབྲི་རུའི་སྟོད་སྨད་བར་གསུམ་གྱི་ཡུལ་མི་ཚོས་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། རྒྱ་གཞུང་གིས་གཏེར་ཁ་བསྔོག་འདོན་གྱི་ལས་འཆར་དེ་བཀག་འགོག་བྱེད་ཐུབ་ཡོད་པ་མ་ཟད། རྗེས་སུ་ས་གནས་སྲིད་གཞུང་རིམ་པར་མང་ཚོགས་ཀྱིས་ཞུ་གཏུགས་བརྒྱབས་པ་ལ་བརྟེན་ནས། གནས་རི་དེ་ལྗོངས་རིགས་དངོས་སྲུང་སྐྱོབ་ཀྱི་གྲལ་དུ་ཚུད་ཡོད་པ་དང་། གནས་རི་སྲུང་སྐྱོབ་ཀྱིས་གཏེར་ཁ་བསྔོག་འདོན་ལ་ངོ་རྒོལ་བྱེད་མཁན་རྣམས་ཀྱང་། ཁོར་ཡུག་སྲུང་སྐྱོབ་ཆེད་དུ་ཡིན་པར་ངོས་འཛིན་གྱིས་ཆད་གཅོད་སོགས་མི་བྱེད་པར་རང་དགར་འཇོག་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
ཡིན་ནའང་། རྗེས་སུ་ནགས་ལྷ་གནས་རི་སྲུང་སྐྱོབ་ཞི་རྒོལ་ཁྲོད་ཞུགས་མཁན་གོང་གསལ་མི་གསུམ་འཇུ་བཟུང་བཙན་འཁྲིད་ཀྱིས་ཉེ་ཆར་ཁྲིམས་ཐག་བཅད་ཡོད་པ་མ་ཟད། སྐབས་དེར་ཞི་རྒོལ་ཁྲོད་ཞུགས་མཁན་མི་ཚང་མ་འཛིན་བཟུང་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་དང་། ད་ལྟ་ཆར་ས་གནས་ཡུལ་མི་རྣམས་དངངས་སྐྲག་དང་འཇིགས་སྣང་འོག་གནས་ཡོད་འདུག
ཡོང་ཁུངས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་།
ཐེངས་ 42585 བཀླགས་འདུག