Donate

རྒྱ་གར་བྱང་ཕྱོགས་ཁུལ་དུ་ཆུ་ལོག་གི་གནོད་སྐྱོན་ཚབ་ཆེན་ཐེབས་པ།

ཕྱི་ཟླ་དྲུག་པའི་ཟླ་དཀྱིལ་ནས་རྒྱ་གར་བྱང་ཕྱོགས་ཁུལ་དུ་ཆར་དུས་འགོ་བཙུགས་པ་དང་། ཐོག་མར་ཕྱི་ཚེས་༡༦སྟེ་རེས་གཟའ་ཉི་མའི་ཉིན་ནས་དྲག་ཆར་བརྒྱབ་ནས་ཆུ་ལོག་གིས་མི་༡༣༨ཙམ་རྐྱེན་ལམ་དུ་བཏང་བའི་གནས་ཚུལ་ཐོན་ཡོད་པ་རེད།

དེ་ཡང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་དང་། Uttarakhand ཨུ་ཊར་ཁན་ཌི་མངའ་སྡེའི་བཅས་ཀྱི་ནང་གཏུད་མར་ཉིན་གྲངས་༣ཙམ་གྱི་རིང་ཆར་པ་ཤུགས་ཆེ་བརྒྱབ་རྐྱེན་ད་ལྟ་བར་ཧི་མ་ཅལ་ནང་མི་༡༠ཙམ་དང་། ཨུ་ཊར་མངའ་སྡེའི་ནང་ཁང་པ་བརྡིགས་ནས་མི་༡༨། ཆུ་ལོག་གི་མི་༡༡༠ལྷག་ཙམ་བཅས་ཁྱོན་མི་གྲངས་༡༣༨ཙམ་གྱི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་སྤེལ་འདུག
ཐེངས་འདིར་ཨུ་ཊར་ཁན་ཌི་མངའ་སྡེའི་ནང་ཆཪ་པ་ཤུགས་ཆེ་བརྒྱབ་ཡུལ་ཧིན་དྷུའི་གནས་ཆེན་ཁག་༤ཙམ་ལ་ཁེལ་ཡོད་འདུག་སྟབས། གནས་སྐོར་བ་མི་ཁྲི་༣ཙམ་གྱི་འགྲོ་ལམ་བཀག་ཡོད་ཀྱང་། རྒྱ་གར་དབུས་གཞུང་གིས་དམག་མི་དང་མྱུར་སྐྱོབ་རུ་ཁག་བཅས་ཁྱོན་མི་གྲངས་༥་༥༠༠ཙམ་མངག་གཏོང་ཐོག ཐད་འཕུར་གནམ་གྲུ་༢༢ བཏང་ནས་ཉེན་ཁའི་ནང་ཚུད་པའི་མི་རྣམས་མྱུང་སྐྱོབ་དང་། ཟས་གོས་དང་སྨན་བཅོས་མཐུན་རྐྱེན་སོགས་མཁོ་འདོན་བྱས་ཡོད་འདུག་ལ། ད་ལྟ་བར་ཉེན་ཁའི་ནང་ཚུད་པའི་གནས་སྐོར་བ་ཁྱོན་མི་གྲངས་ ༢༧༠༠ ཙམ་ཛ་དྲག་མྱུར་སྐྱོབ་ཐུབ་ཡོད་འདུག
ཐེངས་འདིའི་དྲག་ཆར་ཆུ་ལོག་གིས་རྐྱེན་པས་ཧི་མ་ཅལ་མངའ་སྡེ་གཅིག་པུའི་ནང་སྡོད་ཁང་༥༠༠ཙམ་གཏོར་བཤིགས་ཐེབས་པ་དང་། ཨུ་ཊར་མངའ་སྡེའི་ནང་ཟམ་པ་༢༡ཙམ་ཆུས་འཁྱེར་བ་དང་། ཧིན་དྷུའི་ལྷ་ཁང་རྩ་ཆེན་ཞིག་ལ་གཏོར་སྐྱོན་ཆེན་པོ་ཐེབས་ཡོད་འདུག
ཨུ་ཊར་མངའ་སྡེའི་ Rudraprayag རུ་དྷར་ཟེར་བའི་ས་གནས་སུ་མགྲོན་ཁང་༤༠ཙམ་ཐེ་བའི་ཁྱོན་ཁང་བརྩེགས་ ༧༣ ཆུས་འཁྱེར་ཡོད་འདུག་ལ། ཨུ་ཊར་མངའ་སྡེའི་ནང་སྲིད་བློན་ཆེན་གྱིས་ཨུ་ཊར་མངའ་སྡེའི་ནང་ཁྱོན་སྡོད་ཁང་༣༦༥ཙམ་རྩ་གཏོར་བཏང་བ་དང་། གཞན་སྡོད་ཁང་༢༧༥ཙམ་ལ་གནོད་སྐྱོན་ཐེབས་ཡོད་ལུགས་བསྒྲགས་འདུག  
ཁ་སང་དགོང་མོ་སྟེ་ཟླ་འདིའི་ཕྱི་ཚེས་༡༩ཉིན་རྒྱ་གར་གྱི་སྲིད་བློན་ཧན་མོ་ཧན་སིང་མཆོག་གིས། ཐེངས་འདིའི་ཆུ་ལོག་གིས་གནོད་ཐེབས་མངའ་སྡེ་སོ་སོར་ཨ་སྒོར་ཐེར་འབུམ་༡༧༠དང་༡༢༧རོགས་སྐྱོར་གནང་རྒྱུ་ཡིན་ལུགས་བསྒྲགས་འདུག་པ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལའང་ཆུ་ལོག་གིས་གནོད་ཚེ་ཐེབས་རྗེས་ཁྱོན་མི་གྲངས་༢༠༠༠ཙམ་གནས་སྤོ་བཏང་ཡོད་འདུག
གཞན་ཡང་ཐེངས་འདིར་བལ་ཡུལ་དུའང་རི་ཉིལ་དང་ཆུ་ལོག་གིས། བལ་ཡུལ་ནུབ་ཕྱོགས་གྲོང་གསེབ་ཤིག་ཏུ་ཁྱོན་མི་༢༢ཙམ་གྱི་ཚེ་སྲོག་ཤོར་བ་དང་། ཁྱོན་མི་གྲངས་༡༨ཙམ་ག་སོིང་ཆ་མེད་དུ་གྱུར་བ། ཁང་ཁྱིམ་༡༠༠ལྷག་ཙམ་གཏོང་བཤིག་ཐེབས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཐེངས་ 42273 བཀླགས་འདུག